ཕྱི་རོལ་རྟོག་གེའི་སྡེ་ཁ་ཅིག་གི་བྱུང་བ་དང༌། དེ་དག་གིས་བདག་གི་རྣམ་བཞག་ཁས་བླངས་ཚུལ་སྐོར་མདོ་ཙམ་ཞིག་གླེང་བར་འདོད་ནས། དང་པོ་ཕྱི་རོལ་མུ་སྟེགས་པ་ཞེས་པའི་སྒྲ་དེའི་སྒྲ་དོན་ཐད། ཡངས་དོགས་ཀྱི་ལམ་ནས་བཀྲལ་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་དེ། ཡངས་པའི་དབང་དུ་བྱས་ན་ཕྱི་ནང་གི་དངོས་སྨྲ་བ་གཉིས་ཀ་ལ་འཇུག་པ་དང༌། དོགས་པའི་དབང་དུ་བྱས་ཕྱི་རོལ་རྟོག་གེ་བ་ཙམ་ལ་གོ དེ་ཡང་འཇུ་མི་ཕམ་གྱིས་། མུ་སྟེགས་ཞེས་པའི་སྒྲ་བཤད་པའི་དབང་དུ་བྱས་ཏེ། ཕྱི་ནང་གཉིས་ཀའི་དངོས་སྨྲ་བ་རྣམས་ལའང་འཇུག་པ་དང༌། ཕལ་ཆེར་ཕྱི་རོལ་པའམ་མུ་སྟེགས་པ་སྤྱི་ལ་གྲགས་ཤིང༌། སྒྲ་འདོམ་པ་སོགས་ཀྱི་ཚེ་རྟག་སྨྲ་བ་ལ་བྱེ་བྲག་ཏུ་གོ་བ་དང༌[1]ཞེས་གསུངས་སོ༎
དེས་ན་སྤྱིར་རྒྱ་གར་ནང་སངས་རྒྱས་པ་ལས་གཞན་པའི་གྲུབ་མཐའ། གྲངས་ཀྱིས་མི་ཆོད་པ་ཞིག་ཡོད་ནའང་དེ་དག་ཆ་ཚང་གིས་འདོད་ཚུལ་བརྗོད་རྒྱུ་ནི། རང་ཉིད་ལ་ཆ་མཚོན་ན་ནམ་མཁའི་མེ་ཏོག་ལྟ་བུའི་རེ་བ་ཟད་པ་ཞིག་ཡིན། འོན་ཀྱང་འདིར་ནི་ད་ལྟའི་ཆར་སངས་རྒྱས་པའི་གཞུང་དང་། ལོ་རྒྱུས་ཡིག་ཆ་དག་གི་ནང་། ཡོངས་སུ་གྲགས་པའི་རྟོག་གེ་སྡེ་བཅུ་གྲངས་ཤིག་ཡོད་པ་དེ་དག་གི་བྱུང་བ་དང་འདོད་པ་ཁག་འདིར་དེ་དག་གི་གཞུང་དང༌། སངས་རྒྱས་པའི་ཡིག་ཆ་དག་གཞི་ཁུངས་བཅོལ་ཏེ། ཁ་གསལ་གོ་བདེའི་ལམ་ནས་བཀོད་ཐབས་བྱེད་རྒྱུ་ནི་རྩོམ་ཡིག་དེའི་རེ་འདུན་ལགས།
རྒྱ་གར་གྱི་ལྟ་གྲུབ་ཁག་གི་བྱུང་བའི་དུས་རབས།
སྤྱིར་སངས་རྒྱས་པ་དང་ལྟ་གྲུབ་དང་གཅེར་བུ་པའི་ལུགས་ཙམ་ལས། གཞན་གྲུབ་མཐའ་ཕལ་ཆེ་བའི་དུས་ཚིགས་ངེས་ཅན་ཞིག་ནི་ཧ་ལམ་བརྗོད་དཀའ་ནའང༌། རྒྱ་གར་བའི་གྲུབ་མཐའི་ལོ་རྒྱུས་སྨྲ་བ་པོ་ཚོས་ཚོད་དཔག་བྱས་ཏེ། ལྟ་གྲུབ་རྣམས་ཀྱི་དུས་ཚིགས་རིམ་པ་ཕྱེ་སྲོལ་ཞིག་ཡོད་པ་དེ་ལ་གཞི་བཞག་སྟེ། འདིར་མདོར་ཙམ་ཞིག་ཞུས་ན། དེ་དག་གིས་རིག་བྱེད་དུས་རབས་དང༌། རིག་བྱེད་ལ་རྒོལ་བ་བྱུང་བའི་དུས་རབས། ལྟ་བའི་དུས་རབས་(དརྴནཀཱལ)ཞེས་གསུམ་དུ་ཕྱེ་བས།
དང་པོ་རིག་བྱེད་དུས་རབས་དེའི་ནང༌། བྲམ་ཟེ་དང་ཨརྱཱའི་མི་རིགས་བརྒྱུད་དེ་རིག་བྱེད་དེ་རྒྱ་གར་ནང་ཁྱབ་འཕེལ་བྱུང་། འོན་ཀྱང་རིག་བྱེད་ཀྱི་དུས་ཚིགས་ཐད་བཤད་ཚུལ་མི་འདྲ་བ་དུ་མ་ཞིག་མཆིས་རུང་བསྡུས་ན། སྔ་རབས་པའི་བཞེད་པ་དང་ཕྱི་རབས་པའི་བཞེད་པ་གཉིས་ཀྱི་ནང་ལ་སྡུད་ཀྱི་ཡོད།
འོ་ན་སྔ་རབས་པས་འདོད་པའི་རིག་བྱེད་ཀྱི་བྱུང་བའི་དུས་རབས་གང་ཡིན་ཞེ་ན། དང་པོ་སྔ་རབས་པ་རྣམས་ཀྱི་བཤད་སྲོལ་ལ། རིག་བྱེད་དེ་དུས་ནམ་ཞིག་ལ་བྱུང་མིན་ཚོད་དཔག་བྱ་རྒྱུ་དེ་ལྐུགས་རྟགས་ཙམ་དུ་མ་ཟད། ཡིན་པ་མི་སྲིད་པའི་ཤེས་བྱ་ཞིག་ཡིན་པར་ཡང་གསུང་མཁན་ཡོད་ལ། གཞན་ཡང་བྲམ་ཟེ་སློབ་དཔན་ཤངྐརཱ་སོགས་ཀྱིས་ཚངས་པས་བྱེད་པའམ་དེ་ལས་བྱུང་བར་འདོད་ཀྱང༌། དེ་ལས་ཇི་ལྟར་བྱུང་མིན་དེ་ལའང་བཤད་སྲོལ་མི་འདྲ་བ་ཡོད་དེ། འགའ་ཞིག་གིས་རིག་བྱེད་བཞི་པོ་དག་ཚངས་པའི་གདོང་བཞི་ལས་བྱུང་བར་འདོད་པ་དང༌། འགའ་ཞིག་གིས་ཚངས་པའི་བུ་བཞིས་བྱས་པར་འདོད་པ་དང༌། ཡང་འགའ་ཞིག་གིས་ཚངས་པའི་མཚོ་ཞེས་བྱ་བའི་ཆུ་ལས་རིག་བྱེད་ཀྱི་ཡི་གེའི་སྒྲ་རྣམས་གདངས་ཀྱི་ཚུལ་དུ་བྱུང་བར་འདོད་ལ། འགའ་ཞིག་གིས་སུས་ཀྱང་མ་བྱེད་གདོད་མ་ཉིད་ནས་ཡོད་པ་སོགས་འདོད་ཚུལ་མི་འདྲ་བ་དུ་མ་ཞིག་སྣང༌།
གཉིས་པ་དེང་རབས་པའམ་ཕྱི་རབས་པ་ཚོས་བཤད་ཚུལ་ཡང་མི་མཐུན་ཏེ། མཁས་དབང་བཱལགཾགཱདྷར་ཏིལཀ་ཡིས། ངེས་བརྗོད་རིག་བྱེད་ན་ནང་གསལ་རྩིས་རིག་དག་ལ་གཞིག་ན། རིག་བྱེད་ནི་བིཀྲཾ་ཁྲི་ལོ་སྔོན་གྱི་ལོ་ངོ་ 4000 ནས་ 6000 བར་བྱུང་བ་ལ་ངོས་འཛིན་བྱེད་ཀྱི་ཡོད།
ཇརྨན་གྱི་མཁས་པ་ཇེཀོབིས་རིག་བྱེད་གཟུང་སྔགས་དེ་དག ཕྱི་ལོའི་སྔོན་གྱི་ལོ་ངོ་ 4590 ནང་བྱུང་བ་དང༌། ཚངས་པའི་གཞུང་དག་ཕྱི་ལོའི་སྔོན་གྱི་ལོ་ 2500 ཕྱིས་སུ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད།
མེཀངམུལར་གིས། ངེས་བརྗོད་ཀྱི་རིག་བྱེད་དེ་ཐོག་མར་བྱུང་བའི་དུས་རབས་ནི། བིཀྲཾ་ཁྲི་ལོའི་སྔོན་གྱི་ལོ་ 1200 ལ་[2]ངོས་འཛིན་ཀྱི་ཡོད་ཀྱང༌། ཕྱིས་སུ་ཁོང་ཉིད་ཀྱིས། རིག་བྱེད་པའི་གཞུང་འདི་ཕྱི་ལོའི་སྔོན་གྱི་ལོ་ 1000 ཡང་ན་ 1500, 2000, 3000, བཅས་གང་དུ་བྱུང་མིན་ཚད་འཛིན་བྱེད་ནུས་པའི་དངོས་པོ་གང་ཡང་ཐོབ་ཀྱི་མེད་[3]ཅེས་གསུངས་ཡོད་པ་དང༌།
ཝིཌར་ནིཏྗ་ནས། པཱཎིནིའི་སྒྲ་མདོ་དང༌། མྱ་ངན་མེད་ཀྱི་རྡོ་རིང་ཡིག་ཆ། རིག་བྱེད་རང་གི་གཞུང་བཅས་ལ་གཞིར་བཞག་ནས་བརྟག་ཅིང་དཔྱད་པ་ན། ངེས་བརྗོད་ཀྱི་རིག་བྱེད་དེ་ཕྱི་ལོའི་སྔོན་གྱི་ལོ་4500 ནས་ 6000 དབར་བྱུང་བར་འདོད་པ་སོགས་ཡོད་ཀྱང༌།
དུས་ཕྱིས་ཀྱི་མཁས་པ་རཱཧུལསཱཾཀྲིཏྱཱཡན་གི་འདོད་པ་ནི། རིག་བྱེད་ཀྱི་གཞུང་དག་གདོད་མ་ན་བྱུང་བ་དང༌། ལྷས་བྱས་པ། ཚངས་པས་བྱས་པ་སོགས་མི་འདོད་པར་དྲང་སྲོང་འགའ་ཞིག་གིས་བྱེད་པར་འདོད་པས། དྲང་སྲོང་དེ་དག་གི་མཚན་དང་ལོ་དུས་ནི། དྲང་སྲོང་བྲིཧྶཔཏི།(ཕྱི་ལོའི་སྔོན་གྱི་ལོ་ 1520) དྲང་སྲོང་བྷཱརདྦཱཇ།(ཕྱི་ལོའི་སྔོན་གྱི་ལོ་ 1500) དྲང་སྲོང་བིདཐཱི། དྲང་སྲོང་ནར།(ཕྱི་ལོའི་སྔོན་གྱི་ལོ་ 1460) དྲང་སྲོང་སཾཀྲིཏི།(ཕྱི་ལོའི་སྔོན་གྱི་ལོ་ 1400) བཅས་རིམ་པར་བྱུང་བ་དང༌།
དྲང་སྲོང་སཾཀྲིཏི་ལས་གཽརབིཏི།(ཕྱི་ལོའི་སྔོན་གྱི་ལོ་ 1420) དང༌། རནྟིདེབ་ཞེས་པ་གཉིས་བྱུང༌། དེ་དག་གཙོ་བོ་ངེས་བརྗོད་རིག་བྱེད་ཀྱི་བྱེད་པ་པོ་ལྟ་བུ་ཡིན། དེས་ན་ངེས་བརྗོད་རིག་བྱེད་དེ་ཕྱི་ལོའི་སྔོན་གྱི་ལོ་ 1520 ནས་ 1420 དབར་དྲང་སྲོང་རྣམས་ཀྱིས་བྱས་པར་འདོད།
དེས་ན་གོང་གསལ་མཁས་པ་ཚོས་བཞེད་པ་ལ་བལྟས་ན་རིག་བྱེད་ཀྱི་དུས་རབས་འདི་ཕྱི་ལོ་སྔོན་གྱི་བརྒྱ་ཕྲག་བཅོ་ལྔ་ནས་བཅུ་པ་ཙམ་གྱི་བར་བཞག་ན་སྐྱོན་མེད་པར་སེམས་སོ༎
གཉིས་པ་ནི་རིག་བྱེད་པ་ལ་རྒོལ་བ་བྱུང་བའི་དུས་རབས་ནི། རིག་བྱེད་ཀྱི་འདོད་པ་ཁག་ལ་རྒོལ་བ་བྱུང་བའི་དུས་རབས་ཡིན་པས། དེ་ལྟར་གྲགས་ཀྱང་དེའི་གོང་ལ་རིག་བྱེད་ལ་རྒོལ་བ་བྱུང་མེད་དམ་ཞེ་ན། མ་ཡིན་ཏེ་རིག་བྱེད་ཀྱི་དུས་རབས་རང་གི་སྐབས་ཉིད་ནའང་རྒོལ་བ་བྱེད་མཁན་བྱུང་ཡོད་རུང་ཤུགས་ཆེན་པོ་ཞེ་དྲགས་བྱུང་མེད། འོན་ཀྱང་རིག་བྱེད་ལ་རྒོལ་བ་བྱུང་བའི་དུས་རབས་འདིའི་ནང་ལ་སངས་རྒྱས་པ་དང་གཅེར་བུ་བ་གཉིས་བྱུང་སྟེ། རིག་བྱེད་ལ་རྒོལ་བ་ཤུགས་ཆེར་བྱས་པ་ཙམ་དུ་མ་ཟད། སྐབས་དེའི་སྤྱི་ཚོགས་གིས་ཀྱང་རྒྱབ་སྐྱོར་བཟང་པོ་བྱུང་བ་ལ་བརྟེན་ནས་དེ་གཉིས་ཀྱི་ལྟ་གྲུབ་རང་རྐང་ཚུགས་ཐུབ་པ་བྱུང་བར་གྲགས། དེས་ན་དུས་རབས་དེ་ལ་རིག་བྱེད་ལ་རྒོལ་བ་བྱུང་བའི་དུས་རབས་ཞེས་བྱ། དེ་ནི་ཕྱི་ལོའི་སྔོན་གྱི་ལོ་ངོ་བརྒྱ་ཕྲག་ལྔ་པ་ཙམ་ན་འཇོག་ན་མི་འཚམས་པ་མེད།
གསུམ་པ་ལྟ་བའི་དུས་རབས་དེ་ལ། མདོའི་དུས་རབས་དང༌། འགྲེལ་བའི་དུས་རབས་གཉིས་སུ་ཡོད་པ་ལས། མདོའི་དུས་རབས་དེའི་ནང༌། རིགས་པ་ཅན་པ་དང༌། བྱེ་བྲག་པ། གྲངས་ཅན་པ། རྣལ་འབྱོར། དཔྱོད་པ་བ། རིག་བྱེད་མཐའ་པ་བཅས་ཀྱི་མདོ་རྣམས་བྱུང་བ་དང༌། དེ་དག་ཀྱང་ཕལ་ཆེ་བ ཨུཔནིཤྡ་འམ་རིག་བྱེད་མཐའ་པའི་གཞུང་ལུགས་དག་ལ་བརྟེན་ཏེ། གོང་གསལ་གྲུབ་མཐའ་དེ་དག་ནས་རང་རང་གི་ལྟ་གྲུབ་གཏན་ལ་ཕབ་པའོ།། འོན་ཀྱང་མདོའི་དུས་རབས་དེའི་ལོ་ཚིགས་ཐད་མཁས་པ་ཚོས་བཞེད་པ་མི་མཐུན་པ་མཆིས་རུང་རོབ་རྩིས་ཙམ་བྱས་ན། སློབ་དཔོན་བལདེབ་ཨུཔཱདྱཱཡས་བིཀྲཾ་ཁྲི་ལོ་སྔོན་གྱི་ལོ་ 400 ནས་ 200 བར་བཞག་ན་མི་འཐུས་པ་མེད་[4]ཅེས་གསུངས་པ་འདི་ཉིད་འོས་ཤིང་འཚམས་པར་མཐོང་བས་འདིར་བཞག་པའོ༎
གཉིས་པ་འགྲེལ་པའི་དུས་རབས་ནི། གོང་དུ་མདོའི་དུས་རབས་ནང་མཛད་པའི་མདོ་རྣམས་ཀྱི་དོན་ འཇིག་རྟེན་ན་གོ་དཀའ་བར་འགྱུར་བ་ལ་བརྟེན་ནས། ལུགས་སོ་སོའི་མཁས་པ་དུ་མས་རང་རང་ལུགས་ཀྱི་མདོ་དོན་རྣམས་བཀྲལ་བྱེད་ཀྱི་འགྲེལ་པ་མཛད་པའི་དུས་རབས་ཡིན་པས་ན་འགྲེལ་པའི་དུས་རབས་ཞེས་བརྗོད་པའོ༎ དེའི་དུས་ཚིགས་ནི་སློབ་དཔོན་ཨུཔཱདྱཱཡས། བིཀྲཾ་ཁྲི་ལོ་ 300 ནས་ 1500 དབར་ལ་བྱུང་བར་[5]གསུངས་སོ༎
དེ་ལྟར་རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་མཐའ་དེ་དག་གི་བྱུང་བའི་ལོ་ཚིགས་དང། དུས་ཚིགས་ངེས་ཅན་དེ་འདྲ་རང་ཉིད་ཀྱིས་མ་མཐོང་བས་འདིར་ཞུས་མ་ཐུབ་རུང༌། འདིར་དུས་རབས་གསུམ་ལ་ཕྱེས་ནས་བཤད་སྲོལ་འདི། ལོ་རྒྱུས་སྨྲ་བ་པོ་ཕལ་ཆེ་བས་གཅིག་མཚུངས་བཞེད་པ་ལྟར་སྣང་བས་འདིར་བསྡུས་ཙམ་ཞིག་གྲུབ་མཐའི་བྱུང་བ་བརྗོད་པ་ལ་ཕན་པ་རེ་ནས་ཞུས་པའོ༎
རིག་བྱེད་མཐའ་པ།
བྱུང་བ།
ལུགས་འདི་རིག་བྱེད་ཀྱི་ཆ་ཐ་མ་ཡིན་པས་རིག་བྱེད་མཐའ་པ་སྟེ་(བེདཱནྟ)ཞེས་བརྗོད་པ་དང༌། དེ་ལ་(ཨུཔནིཥད྄)ཞེས་ཀྱང་བྱ་བས། ཨུཔནིཥད྄་དེ་ནི་(ཨུཔ)དང་(ནི)(སད྄)བཅས་གསུམ་འདུས་པ་ལས་གྲུབ་པས། དེ་དག་གི་སྒྲ་དོན་ནི་(ཨུཔ)ཉེ་བ་ལ་འཇུག་པ་དང༌། (ནི)དད་པ་ལ་འཇུག (སད྄)ནི་གནས་པ་ལ་འཇུག་པས། དོན་ནི་སློབ་མ་སློབ་དཔོན་གྱི་ཉེ་བར་འདུག་ནས། དད་པ་དང་བཅས་ཏེ་ཉན་པར་ལ་གོ དེ་ལྟར་ཡིན་པའང་དེ་དག་གི་གཞུང་དུ་བླ་སློབ་དབར་གཏམ་གླེང་བྱེད་པའི་གནས་སྐབས་དུ་མཐོང་རྒྱུ་ཡོད་པའི་ཕྱིར་རོ༎ ཕྱིས་སུ་རིམ་པས་གྱུར་བ་ཕྱིན་ནས་ཨུཔནིཥད྄་དེ་གསང་བའི་གདམས་པ་ལ་གོ་བར་གྱུར་ཀྱང༌། སློབ་དཔོན་ཤཾཀར་ཨུཔནིཥད྄་ཞེས་པ་དེ་ཚངས་པའི་ཡེ་ཤེས་(བྲཧྨ ཇཉཱན)བཀྲལ་བར་བྱེད་དོ༎
བདག་གི་འདོད་ཚུལ།
རིག་བྱེད་མཐའ་པ་དག་གིས་བདག་དང་ཚངས་པ་གཉིས་གཅིག་ཏུ་འདོད་པ་ནི། ཇི་སྐད་དུ། ཤེས་པ་པོ་དང་རྟག་པའི་བདག་ཉིད་ཅན་དེ་རྒ་བ་དང༌། འཆི་བ། ལྟོག་པ། སྐོམ་པ་སོགས་ལས་རྣམ་པ་ཀུན་ཏུ་བྲལ་བའོ༎[6]ཞེས་གསུངས་སོ༎
བདག་འདི་བསྐུལ་བ་པོ་ཡང་ཡིན་ཏེ། རྟོག་བཅས་དང་རྟོག་མེད་ཀྱི་ཤེས་པ་དེ་དག་རང་གི་ཡུལ་ལ་འཇུག་པའི་ལས་ལ་བསྐུལ་བའི་ཕྱིར། དེ་དག་གིས་བདག་གི་དོན་དེ་ཤིང་རྟའི་དཔེ་དང་སྦྱར་ཏེ་བཀྲལ་ཚུལ་ཞིག་ཡོད་པ་ནི། ལུས་འདི་ཤིང་རྟ་དང༌། ཤེས་པ་(བུདྡྷི་)འདི་ཁ་ལོ་པ། སེམས་(མན)འདི་ཁ་སྲབ། དབང་པོ་དག་ནི་རྟ། བདག་འདི་ཤིང་རྟའི་བདག་པོ་ལྟ་བུ་ཡིན་པའི་[7]དཔེས་ལམ་ནས་བདག་ཡོད་པར་བསྒྲུབ་པའི་ཐབས་ལ་འབད་པར་བྱེད་དོ༎
དེ་བཞིན་དྲི་མ་མེད་པའི་ཡང་དག་པའི་བདག་འདི་ལ་(ཏུརིཡ)ཞེས་བརྗོད་པས། དེ་ལ་དེ་དག་གིས་གནས་སྐབས་མི་འདྲ་བ་གསུམ་ཡོད་པར་འདོད་དེ་གཉིད་བསད་པའི་གནས་སྐབས་དང༌། རྨིས་པའི་གནས་སྐབས། རྨི་ལམ་གྱིས་སྟོང་པའི་གཉིད་ལྕི་བའི་གནས་སྐབས་བཅས་གསུམ་ཡོད་པ་དེ་དག་ལ་ཡང་དག་པའི་བདག་གི་ཡོན་ཏན་ཆ་ཙམ་ལྡན་ཀྱང༌། ཡང་དག་པའམ་ཡོངས་སུ་རྫོགས་པའི་བདག་འདི་ལ་ནི་སྐབས་གསུམ་པོའི་ཡོན་ཏན་དག་གིས་སྟོང་པ་གང་ཞིག དེ་ལ་ཕྱིའི་དོན་ཤེས་པའི་ཤེས་པ་དང༌། ནང་གི་དོན་ཤེས་པའི་ཤེས་པ་གཉིས་ཀ་འདུས་པའི་རང་བཞིན་དེ་འདྲ་གང་ཡང་མེད་པ་དང༌། ཤེས་རབ་(པྲཇྙཱ)དང་ཤེས་རབ་མིན་པའི་(ཨཔྲཇྙཱ)རང་བཞིན་ཡང་མེད། དེ་བཞིན་རིག་རྒྱུ་དང་བསྐོལ་སྤྱོད་ཀྱི་བྱ་བ། རྟགས། བསམ་རྒྱུ། མིང་སོགས་ཐམས་ཅད་ཀྱིས་སྟོང་པ་སྟེ། བདག་གཅིག་པུ་ཆ་མེད་ཉིད་ཁོ་ནར་ཡོད་པར་འགྱུར་བའི་གནས་སྐབས་འདི་ནི་ཞི་བ་དང༌། དེ་འདྲ་བའི་ཆོས་ཤིག་འཇིག་རྟེན་འདི་ན་གཉིས་སུ་མེད་ལ། དེ་ལྟའི་བདག་ཉིད་ཅན་གྱི་བདག་དེ་ལ་ཡང་དག་པའི་བདག་ཏུ་བཞེད་དོ༎
གཱིཏཱའི་གྲུབ་མཐའ།
བྱུང་བ།
རྒྱ་གར་དུ་ཆོས་རབ་ཏུ་སྙན་པར་གྲགས་པའི་བྷགབདྒཱིཏཱ་ལ་སོགས་པའི་རྗེས་སུ་འབྲངས་ནས་རང་གི་གྲུབ་མཐའ་སྨྲ་མཁན་དེ་དག་ལ་གཱིཏཱའི་གྲུབ་མཐའ་སྨྲ་བ་ཞེས་བྱ། འོན་ཀྱང་གཱིཏཱ་འདི་མཁས་དབང་རཱདྷཱཀྲིཥྞན྄འི་དགོངས་པ་ལྟར་ན་མཧཱབྷཱརཏ་འདི་ཆ་ཤས་[8]ཡིན་པ་དང༌། དཱསགུཔྟའི་བཞེད་པ་ལྟར་ན་བྷཱགབད྄་ཞེས་པའི་ཆོས་བརྒྱུད་ཅིག་དེའི་ཡན་ལག་ཡིན་པ་དང༌། དེ་ཡང་མཧཱབྷཱརཏའི་གཞུང་ལུགས་མ་བྱུང་སྔོན་ལ་དེ་ནི་བརྩམས་ཟིན་པར་[9]འདོད།
དེས་ན་དེ་དག་གི་བཞེད་པ་ལ་བལྟས་ན། གཱིཏཱ་འདི་མཧཱབྷཱརཏ་དང་དུས་མཉམ་ཡིན་པ་དང༌། ཡང་ན་སྔོན་ལ་བྱུང་བ་ལ་འདོད་རྒྱུ་ལས་ཕྱིས་སུ་བྱུང་བ་ནི་འདོད་ཐབས་བྲལ་བ་ལྟ་བུ་མངོན། སྤྱིར་མཧཱབྷཱརཏ་དང་གཱིཏཱའི་གཞུང་དེ་དག་གཙོ་བོ་ལུགས་ཀྱི་བསྟན་བཅོས་ལྟ་བུ་ཡིན་ཀྱང༌། དེ་དག་གི་ནང་གྲུབ་མཐའི་རྣམ་བཞག་མི་ཉུང་བ་ཞིག་ཡོང་གི་ཡོད། ལྷག་པར་དུ་གཱིཏཱ་དེ་ནི་ཤིན་ཏུ་མཛེས་པའི་སྡེབ་སྦྱོར་གྱི་ལམ་ནས་བཅིངས་ནས་བརྩམས་པར་བརྟེན་ཤིན་ཏུ་སྙན་པས། སྐབས་རེ་དེ་ལ་དབང་ཕྱུག་(ཨཱིཤྦར)གི་དབྱངས་ཞེས་ཀྱང་བྱའོ༎ དེ་བཞིན་གཞུང་དེ་དག་ནི་རིག་བྱེད་པ་ལ་རྒོལ་བ་རྩོམ་མཁན་རྣམས་ལ་རྒོལ་ལན་གྱི་གཞུང་ལྟ་བུ་ཞིག་ཀྱང་ཡིན་པར་གྲགས་སོ༎
བདག་གི་འདོད་ཚུལ།
ལུགས་འདིས་བདག་དེ་ནི། དུས་ཀུན་ཏུ་སྐྱེ་འཆིའི་རྣམ་བཞག་དང་བྲལ་བས་བདག་འདི་སྐྱེ་བ་མེད་པའི་རྟག་པ་དང་། ཡེ་གདོད་མ་ནས་རང་བཞིན་དེ་ལྡན་གྱི་བདག་ཉིད་ཡིན་པ་ལས་གསར་དུ་སྐྱེས་པ་དང༌། ཕྱིས་སུ་བཅོས་པ་དེ་འདྲ་མིན། དེ་བཞིན་བདག་འདི་གོ་མཚོན་དང་། འབྱུང་བ་སོགས་འཇིག་པའི་རྒྱུ་གང་གིས་ཀྱང་འཇིག་པར་མི་ནུས་པའི་བདག་ཉིད་ཅན་དུ་འདོད་དེ༎ ཇི་སྐད་དུ། བདག་འདི་རྟག་པ་དང༌། སྤྱི་ལ་ཁྱབ་པ། བརྟན་པ། གཡོ་བ་མེད་པ། གདོད་མ་ནས་ཡོད་པའི་བདག་ཉིད་ཅན་ནོ[10]ཞེས་གསུངས་པའི་ཕྱིར་རོ༎ དེ་དག་གི་བདག་འདི་ཡོད་པ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ཡང་ཡོད་པར་ཁས་བླངས་སོ༎
རྒྱང་འཕེན་པ། (ཅཱརྦཱཀ)
བྱུང་བ།
གྲུབ་མཐའ་འདི་ནི་རྒྱ་གར་ནང་ཆེས་རྙིང་གྲས་ཤིག་ཡིན་ཏེ། དེའི་འདོད་པ་དག་རིག་བྱེད་པའི་གཞུང་དག་དང༌། ནང་པའི་གཞུང་ལུགས་དག་གི་ནང་གླེང་གཞི་བྱུང་ཡོད་པ་མ་ཚད་རྒྱ་གར་ནང་ཡོད་པའི་གྲུབ་མཐའ་ཕལ་ཆེ་བས། ལུགས་འདི་ལ་སྐྱོན་བརྗོད་དང་དགག་པ་སོགས་ཀྱང་བྱས་ཡོད་པ་ལས་གྲུབ། རྒྱུ་མཚན་དེ་དག་ལ་བརྟེན་ཏེ་རྒྱ་གར་ནང་བྱུང་བའི་གྲུབ་མཐའི་ནང་ནས་སྔ་ཤོས་ཡིན་མིན་བཤད་ཚོད་མི་ཐེབས་རུང༌། ད་ཡོད་ཀྱི་རྒྱ་གར་བའི་རིག་བྱེད་པའི་ལུགས་ཕུད་པའི་གྲུབ་མཐའ་གཞན་དག་ལས་ནི་སྔ་བ་ཡིན་པ་རང་བཞིན་གྱིས་གྲུབ་བོ།།
ཐུའུ་ཀན་གྲུབ་མཐའ་ལས། ཕྱི་རོལ་པའི་གྲུབ་མཐའི་ནང་ནས་གྲངས་ཅན་པའི་གྲུབ་མཐའ་འདི་སྔ་ཤོས་སུ་བྱུང་བར་གསུངས་འདུག་པ་ནི། འདི་སྐད་དུ། དེ་ཡང་ཐམས་ཅད་ཀྱི་ཐོག་མར་བྱུང་བ་ནི། གྲངས་ཅན་པ་སྟེ།[11] ཞེས་གསུངས་འདུག་རུང་། དེའི་དགོངས་གཞི་ནི་ཕལ་ཆེར་རྟག་པར་སྨྲ་བའི་སྡེའི་ནང་ནས་སྔ་ཤོས་ལ་དགོངས་པ་ཡིན་སྲིད། གཞན་དུ་ན་དགོངས་པ་དེ་ཐད་ལྡན་དུ་འགྱུར་དཀའོ༎
ལྷག་པར་དུ་རྒྱ་གར་དུ་ཡོད་པའི་གྲུབ་མཐའ་དེ་དག་ལ་སེམས་གཙོ་དང་དངོས་གཙོ་སྨྲ་བའི་ལུགས་གཉིས་སུ་དབྱེ་རྒྱུ་ཡོད་པ་ལས། ད་ལྟའི་ལུགས་འདི་ནི་དངོས་གཙོ་སྨྲ་བའི་ལུགས་ཡིན་པར་གྲགས་སོ༎
ལུགས་འདི་ལ་སློབ་དཔོན་བལདེབཨུཔཱདྷྱཱཡའི་དགོངས་པ་ལྟར་ན། ཐོག་མ་ལོཀཱཡཏ་འམ་ལོཀཱཡཏིཀ་ཞེས་གྲགས་པ་དང༌། ཕྱིས་སུ་རིམ་པས་ཅཱརྦཱཀ་ཞེས་ཐ་སྙད་བྱེད་པར་[12]གསུངས། ལོཀཱཡཏ་འམ་ལོཀཱཡཏིཀ་ཞེས་པའི་འཇུག་ཡུལ་ནི། ལོཀ་ཞེས་པ་འཇིག་རྟེན་དང༌། ཨཱཡཏ་ནི་གྲགས་པའམ་ཁྱབ་པ་ཞེས་པའི་དོན་ལ་འཇུག ཐ་སྙད་དེ་ལྟར་བྱེད་དགོས་དོན་ནི་ལུགས་འདིས་འཆད་བྱའི་གདམས་པ་གཙོ་བོ་བདེ་བ་སོགས་ནི། སོ་སོའི་སྐྱེ་བོས་འདོད་པའི་ཚེ་འདི་ཙམ་གྱི་བདེ་བ་སོགས་ཡིན་པས། དེ་དག་ནི་སོ་སོའི་སྐྱེ་བ་ཀུན་ལ་ཡོད་པའམ་ཁྱབ་པ་གཅིག་མཚུངས་ལྟ་བུ་ལགས་པས། འཇིག་རྟེན་ན་གྲགས་པའམ་ཁྱབ་པ་ཞེས་བྱའོ༎
ལུགས་འདི་ལ་རིམ་པས་ཅཱརྦཱཀ་ཞེས་བརྗོད་པ་དེའི་གོ་དོན་ནམ་འཇུག་ཡུལ་ཐད་ཀྱང་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་ཡོད་དེ། ཁ་ཅིག་གིས་ཅཱརྦཀ་ཞེས་པའི་ཚིག་འདིའི་གྲུབ་ཚུལ་ནི་(ཅརྦ)ཞེས་པའི་བྱིངས་ལས་གྲུབ་པས། དེ་ནི་ཟ་བའམ་ལྡད་པ་ལ་འཇུག གང་ལགས་ན་ལུགས་འདིས་གདམ་བྱ་གཙོ་བོ་ནི། ཟ་གཏུང་སྐྱིད་གསུམ་བྱེད་པ་ལ་གཙོ་བོར་གདམས་པས་ན་ལུགས་འདི་ལ་ཅརྦཱཀ་[13]ཞེས་གྲགས་པར་འདོད་པ་དང༌།
ཁ་ཅིག་གིས་ཅཱརྦཱཀ་ཞེས་པ་འདི་ཚིག་གཉིས་འདུས་པ་ལས་བྱུང་བར་འདོད་པས། གཉིས་ནི་(ཅཱརུ)དང་(བཱཀ྄)ཡིན། དང་པོ་ཅཱརུ་ནི་སྙན་པ་དང༌། བཱཀ྄་ནི་ངག་ལ་འཇུག་པས། དོན་ནི་སྙན་པའི་ངག་སྨྲ་མཁན་ཞེས་པའི་དོན་ལ་འཇུག དེས་ན་སྙན་པའམ་ཡིད་འཕྲོག་པའི་ངག་སྨྲྱ་མཁན་གྱི་གྲུབ་མཐའ་སྨྲ་མཁན་གྱི་ལུགས་ཡིན་པས་ན། ཅཱརྦཱཀ་ཞེས་པའི་[14]ཐ་སྙད་བྱེད་པར་བཤད་དོ༎
འོ་ན་སྙན་པའི་ངག་ཅེས་པ་འདི་ཇི་འདྲ་ཞིག་ལ་གོ་དགོས་ཞེ་ན། ལུགས་འདིས་འཇིག་རྟེན་པའི་བདེ་བ་ཙམ་འབྲེལ་བའི་གཏམ་སྨྲ་བར་བྱེད་པས། གཏམ་དེ་དག་སོ་སོའི་སྐྱེ་བོའི་བློ་ལ་ཆེས་བབ་པོ་དང་འཚམ་པ། དེ་བཞིན་སྙན་པར་གོ་བས་དེ་ལྟར་གྲགས་པར་འགྱུར་བའོ༎
ཡང་ཁ་ཅིག་གིས་ཅཱརྦཱཀ་ཞེས་པ་དེ་གོང་གི་འགྲེལ་ཚུལ་ལྟར་མིན་པར། དངོས་གཙོ་སྨྲ་བའི་(ཇཌ་བཱད)སྐྱེས་བུ་བྱེ་བྲག་པ་ཞིག་འདི་མིང་ལ་གོ་བས། སྐྱེས་བུ་འདིས་དངོས་གཙོའི་རང་བཞིན་གྱི་རྣམ་བཞག་སྤྱི་ཚོགས་ཀྱི་མདུན་ལ་བཞག་པ་དེའི་རྗེས་སུ་འབྲང་མཁན་ཡང་མི་ཉུང་བ་ཞིག་བྱུང་བས། དེ་དག་ལའང་ཅཱརྦཱཀ་ཞེས་པའི་ཐ་སྙད་དེ་རང་འཇུག་པར་གྱུར་བར་བཤད་དོ[15]༎
ཁ་ཅིག་གིས་གྲུབ་མཐའ་འམ་ལུགས་འདིའི་བྱེད་པ་པོ་དྲང་སྲོང་ཕུར་བུས་ཡིན་པར་[16]འདོད། དྲང་སྲོང་འདི་ནི་ལྷ་རྣམས་ཀྱི་བླ་མ་ཡིན་པར་གྲགས། མཧཱབྷཱརཏ་དང་གཞུང་ལུགས་འགའ་ཞིག་གི་ནང་དངོས་གཙོ་སྨྲ་བའམ་དངོས་སྨྲ་བའི་(ཇཌ་བཱད)ལྟ་གྲུབ་ཀྱི་བྱེད་པ་པོའམ་གསུང་པ་པོ་ཡིན་པར་གསལ་བ་དང༌། བཤད་སྲོལ་ལ་སྔར་ལྷ་དང་ལྷ་མིན་དབར་འཐབ་རྩོད་ཡང་ཡང་བྱུང་བས། ལྷ་མིན་རྣམས་ཀྱི་སྟོབས་ཤུགས་དག་ཉམས་པར་བྱེད་པའི་སླད་དུ་ཕུར་བུས་ལྟ་གྲུབ་འདི་བརྩམས་ནས་ལྷ་མིན་རྣམས་ལ་སྤེལ་བར་ཡང་བཤད།
དེང་གི་འཇིག་རྟེན་ན་ཡོད་པའི་གྲུབ་མཐའ་ཕལ་ཆེ་བ་རང་རང་གི་ལྟ་གྲུབ་རྣམས། སོ་སོའི་གྲུབ་མཐའི་གཞུང་ལུགས་སམ་བསྟན་བཅོས་བསྟེན་ཏེ་འཆད་ཀྱི་ཡོད་རུང༌། ལུགས་འདིའི་ལྟ་གྲུབ་ཀྱི་བརྟེན་གཞི་བྱེད་སའི་གཞུང་ལུགས་ནི་གཅིག་ཀྱང་མེད་པར་ཧ་ལམ་ད་ལྟའི་ཆར་སྟོང་ཟིན་པར་གྲགས།
མདོར་ན་ལུགས་འདི་ནི་མེད་པའམ་ཆད་པར་སྨྲ་བའི་སྡེ་སྟེ། དབང་ཕྱུགས་གམ་དཀོན་མཆོག་(ཨིཤྦར)ཁས་མི་ལེན་པ་དང༌། མངོན་སུམ་ལས་གཞན་པའི་ཆོས་གང་ཡང་ཁས་མི་ལེན་པར་བདེ་བའམ་འདོད་པ་ཉིད་སྐྱེས་བུ་བསྒྲུབ་བྱ་མཐར་ཐུག་ཏུ་ཁས་ལེན་པའི་གྲུབ་མཐའོ༎
ནང་པའི་གཞུང་ལུགས་དག་ལས་ཀྱང་དེའི་བྱུང་བ་ནི། ཕལ་ཆེ་བར་གོང་དུ་དྲང་སྲོང་ཕུར་བུས་བྱེད་པར་གྲགས་པ་འདི་ཉིད་འདོད་དེ། ལྕང་སྐྱའི་གྲུབ་མཐའ་ལས། དྲང་སྲོང་ཕུར་བུའི་རྗེས་སུ་འབྲངས་པས་ཕུར་བུ་པ་འམ་ལྷའི་བླ་མ་པ།[17] ཞེས་པ་དང༌།
ཡིད་བཞིན་མཛོད་གྲུབ་བསྡུས་ལས། ཕུར་བུ་པའམ་རྒྱང་འཕེན་པ་དག་གི་དྲང་སྲོང་ཕུར་བུའི་རྗེས་སུ་འབྲངས་ནས་ལྟ་བའི་སྙིང་པོ་དང༌། ཕུར་བུའི་རྒྱུད་དྲུག་ལ་སོགས་པ་ལ་བརྟེན་ནས་ཚེ་སྔ་ཕྱི་མེད་པར་འདོད་པ་སོགས་[18]གསུངས་པ་དང༌།
དེ་བཞིན་དབུ་མ་སྤྱན་རས་གཟིགས་བཏུལ་བཞུགས་ལས། དྲང་སྲོང་ལྷའི་བླ་མ་ཕུར་བུ་པ་སུམ་ཅུ་རྩ་གསུམ་དུ་ལྷ་མིན་ལས་གཡུལ་རྒྱལ་དུ་རེ་ནས་སྐྱེ་བ་སྔ་ཕྱི་དང་། དགེ་སྡིག་མེད་པར་སྟོན་པའི་བསྟན་བཅོས་བྱས་ཤིང༌། དེ་ནས་རིམ་གྱིས་འཕེལ་ཏེ་མི་ཡུལ་དུ་བབས་པ་ལས་བཏུས་པས་དྲང་སྲོང་འཇིག་རྟེན་མིག་གིས་བརྩམས་པའི་རྩ་བ་ལ། སློབ་དཔོན་ཆོས་གྲགས་དང་དུས་མཉམ་དུ་བྱུང་བའི་དྲང་སྲོང་འཇུག་སྟོབས་ཀྱིས་འགྲེལ་བ་བྱས་ནས་འཕེལ་ལོ་[19]ཞེས་གསུངས་པ་སོགས་མདོར་ན་ལུགས་འདིའི་བྱུང་བའི་རྣམ་བཞག་ཐད་མཁས་པ་ཚོའི་བཞེད་པ་མི་འདྲ་བས། འདིར་དེ་དག་གི་བཞེད་པ་མི་འདྲ་བ་རྣམས་དགོད་དྲངས་པའོ༎
བདག་གི་འདོད་ཚུལ་ནི།
གྲུབ་མཐའ་འདིའི་བདག་འདོད་ཚུལ་ནི། རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་གཞན་དག་དང་གཏན་ནས་མི་འདྲ་སྟེ། ལུགས་འདིས་བདག་ནི། ཤེས་པའི་ཁྱད་པར་ཅན་གྱི་ལུས་(དེཧ)དེ་ལ་[20]འདོད་པ་ནི། ལུས་ལས་ཐ་དད་པའི་བདག་ཅིག་མེད་ལ། བདག་ལས་ཐ་དད་པའི་ལུས་ཤིག་ཀྱང་འཇོག་ཏུ་མེད་པའི་རྒྱུ་མཚན་གྱིས་བདག་འདི་ལུས་ལས་ནམ་ཡང་ཐ་དད་དུ་བྱེད་པར་མི་ནུས་པའི་བདག་ཉིད་ཅན་དུ་བཞེད་དོ༎
དེ་ཡང་གྲུབ་མཐའ་རྣམ་བཞག་འཕྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ལས།
ལུས་སེམས་ཙམ་བདག་ཞིག་ཕྱིར་སྔ་ཕྱི་མེད༎
སེམས་ལུས་ཐ་དད་ལ་བརྟེན་རྒྱུད་གཅིག་ཡིན༎
ཞི་བ་འཚོས་དབུ་མ་རྒྱན་ལས།
ས་ལ་སོགས་པ་འདུས་པ་ལ༎
འཇུ་མི་ཕམ་པས་དབུ་མ་རྒྱན་གྱི་སྤྱི་བཤད་ལས། རྒྱང་འཕེན་པ་ནི། མངོན་སུམ་གི་ཡུལ་དུ་སྣང་བའི་འབྱུང་བ་བཞི་པོ་འདི་ཙམ་ཡོད་ཅིང་། འདི་ཡུལ་དབང་རྣམ་ཤེས་ཀུན་གྱི་རྒྱུ་ཡིན་པས་དོན་དམ་ཡིན་ལ། འདི་ལས་སྐྱེས་ཞིང་སླར་འཇིག་པའི་ཆོས་ཅན་གྱི་དངོས་པོ་འདི་རྣམས་མི་བརྟན་བསླུ་བའི་རང་བཞིན་དུ་ཁས་ལེན་ཅིང༌། ལམ་གོམས་པ་སོགས་ཚེ་སྔ་ཕྱིའི་ལས་འབྲས་མི་སྲིད་དེ། ད་ལྟའི་རིག་པ་འདི་མངལ་གྱི་གནས་སྐབས་ཀྱི་འབྱུང་བ་འདུས་པ་མེར་མེར་ལ་སོགས་པ་ལས། ཆན་ལས་མྱོས་བྱེད་ཀྱི་ནུས་པ་གསར་དུ་སྐྱེ་བ་ལྟར། གློ་བུར་དུ་བྱུང་གི་ཚེ་སྔ་མའི་རིག་པ་སྔོན་དུ་སོང་བ་ལས་བྱུང་བ་མིན་ཞིང༌། འཇིག་རྟེན་འདིར་ཇི་ཙམ་སྡོད་པ་དེ་སྲིད་དུ་བློ་དང་དབུགས་ཀྱང་འབྱུང་ལ། འཆི་བ་ན་མར་མེ་རྒྱུན་ཆད་པ་ལྟར་ལུས་རྡུལ་དུ་དེངས། སེམས་ནམ་མཁར་ཐིམ་པ་དེས་ན་སྐྱེ་བ་ཕྱི་མ་མེད་ལ། དེས་ན་ལས་འབྲས་དང་ལམ་དང་ཐར་པ་ནི་མེད་ཅིང༌། བདེ་སྡུག་སོགས་མི་འདྲ་བ་སྣང་བ་ནི་སྲན་མ་ཟླུམ་པ་དང་ཚེར་མ་རྣོ་བ་སུས་ཀྱང་མ་བྱས་པ་བཞིན་དུ། རྒྱུ་མེད་པར་ངོ་བོ་ཉིད་ཀྱིས་དེ་ལྟར་བྱུང་ངོ་ཞེས་ཟེར། དེས་ན་ལུས་དང་བློ་ཚོགས་པ་མ་ཤིའི་བར་ཇི་སྲིད་དུ་བདག་ལ་ཕན་པ་ཙམ་ཁོ་ན་དོན་དུ་གཉེར་བ་ཡིན་ནོ༎[23] ཞེས་སོགས་ལྟ་བུ་སངས་རྒྱས་པའི་གཞུང་ལུགས་དུ་མའི་ནང་རྒྱས་པར་གསུངས་ཡོད་པས། འདིར་གྲངས་ན་གྲངས་ཚོད་མེད་པས་འདི་ཙམ་གྱིས་ཏེ།
མདོར་ན་དྲང་སྲོང་འཇིག་རྟེན་མིག་གིས།
ཇི་ཙམ་དབང་པོའི་སྤྱོད་ཡུལ་བ༎
སྐྱེས་བུའང་དེ་ཙམ་ཁོ་ནར་ཟད༎ [24]ཞེས་གསུངས་པ་ལྟར་ལུགས་འདིས་བདག་ནི་དབང་པོའི་སྤྱོད་ཡུལ་གྱི་ལུས་སེམས་ཙམ་ལ་བདག་ཏུ་འདོད་དོ༎ དེ་ལས་གཞཉ་པའི་བདག་གི་རྣམ་བཞག་དེ་འདྲ་གང་ཡང་ཁས་མི་ལེན་པ་མ་ཟད། སྐྱེ་བ་སྔ་ཕྱིའི་རྣམ་བཞག་ཀྱང་མི་འདོད་པའི་སྟེང་དུ། སྐྱེ་བ་སྔ་ཕྱི་ཡོད་པར་གསུངས་མཁན་གྱི་གྲུབ་མཐའི་བྱེད་པོ་རྣམས་ལ་རང་དོན་གྲུབ་པའི་སླད་དུ་བཤད་པ་ཞིག་ཡིན་པའི་སྐྱོན་བརྗོད་ཀྱང་བྱེད་དོ༎
རིགས་པ་ཅན་པ། (ནྱཱཡ)
བྱུང་བ།
གྲུབ་མཐའ་འདིའི་ཤིར་རྟའི་སྲོལ་འབྱེད་པ་པོ་ནི། དྲང་སྲོང་ཆེན་པོ་གཽཏམ་ཡིན་པར་གྲགས་པས། སྐབས་རེ་གཽཏམ་ལ་ཨཀྵཔཱཏ་ཞེས་ཀྱང་བརྗོད་དོ༎
ལུགས་འདིའི་རྩ་བའི་གཞུང་ནི། དྲང་སྲོང་གཽཏམས་བརྩམས་པའི་རིགས་པའི་མདོ་ཞེས་བྱ་བ་དེ་ཡིན། དེ་ལ་རབ་འབྱེད་ལྔ་ཡོད། འོན་ཀྱང་ཕྱིས་སུ་འགྲེལ་བྱེད་པ་རབས་དང་རིམ་པས་མདོ་འདིའི་འགྲེལ་པ་བརྩམས་པ་སོགས་བྱེད་ཡོད།
གྲུབ་མཐའ་སྨྲ་བ་དེ་ལ་རིགས་པ་ཅན་ཞེས་བྱ་དགོས་དོན་ནི། བལདེབ་ཨུཔཱདྷྱཱཡས། རིགས་པའམ་རྟགས་སྣ་ཚོགས་པའི་ལམ་ནས་དངོས་པོའི་གནས་ལུགས་ལ་དཔྱད་པས་ན། དེ་དག་ལ་རིགས་པ་ཅན་པ་ཞེས་བྱ་[25]ཞེས་གསུངས་པ་དེ་ཡང་ཁུངས་ནི་སློབ་དཔོན་ཝཱཏྶཡཱཡན་གྱི་གསུང་ལ་གཞི་བཅོལ་ཡིན་ཏེ། ཝཱཏྶཡཱཡན་གིས་འདི་སྐད་དུ།
དོན་རྣམས་རིགས་པས་རབ་དཔྱད་དེ།།
གཏན་ལ་འབེབས་པས་དེ་ལྟར་གྲགས༎[26] ཞེས་གསུངས་སོ༎ གྲུབ་པའི་མཐའ་དེ་འཇིག་རྟེན་ན་དུས་ནམ་ཞིག་ལ་དར་མིན་ནི། སངས་རྒྱས་པའི་གཞུང་ལུགས་དག་ཏུ་དམིགས་གསལ་གསལ་ཁ་དེ་འདྲ་མ་མཐོང་བ་མ་ཟད། དེང་གི་གྲུབ་མཐའི་ལོ་རྒྱུས་སྨྲ་བ་ཚོ་ལའང་ངེས་པ་རྙེད་པའི་དུས་ཚིགས་དང༌། འབྱུང་བ་ཞིག་བཤད་རྒྱུ་མི་འདུག་པས་འདིར་གཅིག་ཏུ་ཁ་ཚོན་བཅད་མི་ནུས་ཀྱང༌། དེ་དག་གིས་གཏན་ཚིགས་ཀྱི་ཐལ་ངག་བེད་སྤྱོད་བྱེད་ཚུལ་གྱི་རྣམ་བཞག་དག་ལ་བལྟས་ཏེ་རོབས་རྩིས་ཤིག་བྱས་ན། དེ་ནི་རིག་བྱེད་དག་ཐོས་པ་གཙོ་བོར་[27]བྱས་པའི་དུས་རབས་དེའི་ནང་དུ་བྱུང་བར་བརྗོད་ན་མི་འཐུས་པ་མེད་སྐོར། རྒྱུ་མཚན་དང་བཅས་ཏེ་རྒྱས་པར་བལདེབ་ཨུཔཱདྷྱཱཡས་གསུངས་[28]འདུག་པས་སྤྲོ་བ་ཅན་རྣམས་ནས་གཤམ་མཆན་དུ་གསལ་བའི་གཞུང་དུ་གཟིགས་པར་འཚལ། རང་ཉིད་ལ་ཆ་མཚོན་ནའང་ཁོང་གི་གསུང་དེ་ཉིད་ལ་ཆ་འཇོག་བྱེད་རྒྱུ་ལས་ཐབས་གཞན་གང་ཡང་མ་མཐོང་ངོ༎
དེས་ན་ལོ་ངོ་སྟོང་ཕྲག་གཉིས་ལྷག་ཙམ་གྱི་ལོ་རྒྱུས་དང་ལྡན་པའི་གྲུབ་མཐའ་དེ་ལ། ནང་གསེས་བརྒྱུད་པ་རིམ་པས་རྙིང་མ་དང༌། གསར་མ་གཉིས་སུ་རྒྱས་པ་ལས། དང་པོ་ནི་དྲང་སྲོང་གོའུ་ཏ་མས་[29]མཛད་པའི་རིགས་པའི་མདོའི་(ནྱཱཡ་སཱུཏྲ་)རྗེས་སུ་དྲངས་བ་རྣམས་དང༌། གཉིས་པ་ནི་སློབ་དཔོན་གངགེཤ་ཨུཔཱདྱཱཡ་[30]གིས་མཛད་པའི་(ཏཏྟབ་ཅིནྟཱམཎི་)དེའི་རྗེས་སུ་འབྲངས་བ་རྣམས་སོ༎ ལུགས་དེ་གཉིས་དབར་གྱི་ཁྱད་པར་གཙོ་བོ་ནི། རྙིང་མ་བ་དག་ནི་དོན་ལ་གཙོ་བོར་དཔྱོད་པ་དང༌། གསར་མ་དག་གིས་ཚད་མའི་རྣམ་བཞག་དང༌། དེའི་རྒྱ་བསྐྱེད་ལ་གཙོ་བོར་དམིགས་པའི་ཁྱད་པར་ཡོད་པ་མ་ཟད། དེ་བཞིན་དེ་གཉིས་དབར་ལ་སྐད་དམ་ཐ་སྙད་བེད་སྤྱོད་བྱེད་ཚུལ་ལའང༌། ཁྱད་པར་ཆེན་པོ་ཡོད་པར་གྲགས།
བདག་གི་འདོད་ཚུལ།
དེ་དག་གིས་བདག་བཞེད་ཚུལ་ནི། བདག་ནི་ཡང་དག་པའི་དངོས་པོ་(དྲབྱ་)ཞིག་སྟེ་གཞན་གྱིས་ལྷད་མ་ཞུགས་པའམ། མ་འདྲེས་པའི་བདག་ཉིད་ཅན་གྱི་དངོས་པོ་ཞིག་ཏུ་[31]འདོད་པ་དང༌། བདེ་བ་དང་། སྡུག་བསྔལ། འདོད་པ། ཞེ་སྡང༌། སྲེད་པ། རྩོལ་བ། ཤེས་པ་(ཇྙཱན)ཡང་དག་དེ་དག་བདག་གི་ཡོན་ཏན་དུ་འདོད་པ་མ་ཟད། ཆོས་དང༌། ཆོས་མིན་ཀྱང་བདག་གི་ཡོན་ཏན་དུ་བཞེད་དོ༎
ལུགས་འདིས་བདག་ནི་བསམ་པའི་ཡུལ་ལས་འདས་པར་འདོད་པ་དང༌། ལྷན་དུ་ནམ་ཞིག་བདག་འདི་དབང་ཤེས་གཉིས་དང་སྦྲེལ་ནས་ཡུལ་ལ་འཇུག་པའི་གནས་སྐབས་ཤེས་རིག་(ཅཻཏྣྱཱ་)[32]གི་བདག་ཉིད་ཅན་ཞིག་བདག་གི་ཀློང་ན་ཤར་བ་ལས། གཞན་དུ་བདག་རྐྱང་པའི་གནས་སྐབས་སུ་དེ་ལྟར་ཤེས་རིག་བདག་ཉིད་ཅན་ནམ་ཡང་མཐོང་རྒྱུ་མེད་པར་བཤད་དོ།།
དེས་ན་དེ་དག་གིས་དེ་ལྟ་བུའི་ཤེས་རིག་གི་(ཅཻཏནྱ)བདག་ཉིད་ཅན་འདིའང་། བདག་གི་ཀློང་ལས་ གློ་བུར་དུ་བྱུང་བའི་ཡོན་ཏན་ལྟ་བུ་ཞིག་ཏུ་སྨྲ་བ་དང༌། དེ་བཞིན་བདག་གི་དངོས་པོ་འདི་ཤེས་པ་མིན་བཞིན་དུ་ཤེས་པའི་བྱ་བ་ལ་འཇུག་ནུས་པའི་བདག་ཉིད་ཅན་དུའང་ཁས་བླངས་སོ།།
འོ་ན་དེ་ལྟ་བུའི་བདག་ཅིག་ཡོད་ནི་ཡོད་ལ། མཐོང་རིག་གི་ཡུལ་ལས་འདས་པ་འདི་ཡོད་པར་བདེན་པ་འདི། དུས་ནམ་ཞིག་ལ་མཐོང་བར་འགྱུར་རོ་ཞེ་ན། དེའི་གཤིས་ལུགས་ཐར་པ་འཐོབ་པའི་གནས་སྐབས་ཏེ། བདག་དེ་ཤེས་པའི་བྱ་བ་དང་ཡོན་ཏན་རྣམས་ཐ་གཅིག་ཏུ་སྟོང་ཟིན་པའམ་བྲལ་པ་ཟིན་པ་ན་གཟོད་མ་མཐོང་བར་འགྱུར་བར་བཞེད་དོ༎
ལུགས་འདིའི་བདག་གི་བཞེད་ཚུལ་འདི་གྲངས་ཅན་པ་དང༌། གཅེར་བུ་པའི་འདོད་ཚུལ་དག་དང་མི་མཐུན་ཏེ། དེ་དག་གིས་བདག་རང་ཉིད་ཀྱི་རྣམ་པ་འདི་ཤེས་རིག་དང༌། ཐ་དད་དུ་མེད་པར་སྨྲ་བ་དང༌། རིགས་པ་ཅན་པས་ནི། ཤེས་རིག་དེ་བདག་གི་ཡོན་ཏན་དུ་སྨྲ་བ་ལས་ངོ་བོ་གཅིག་གམ་ཐ་དད་པར་བྱེད་དུ་མེད་པ་དེ་འདྲ་ནམ་ཡང་མི་འདོད་པས་ཁྱད་པར་དུ་འགྱུར་རོ༎
ལུགས་འདིས་བདག་དེ་ལུས་ལས་ཐ་དད་དུ་སྨྲ་བའི་རྒྱུ་མཚན་ནི། ལུས་ལ་ཤེས་རིག་གི་ནུས་པ་མེད་པའི་ཕྱིར་རོ༎ དེ་བཞིན་ལུས་དེ་བདག་གི་རྟེན་ཙམ་ཡིན་པ་དང༌། དེ་བདག་དང་བྲལ་བ་ན་རང་གི་དོན་ནམ་ཡང་བྱེད་མི་ནུས་པར་བཞེད་པ་དང༌། དེ་བཞིན་ཕྱི་རོལ་ཡུལ་ལ་འཇུག་བྱེད་དམ་དབང་པོ་རྣམས་ཀྱང་བདག་དང་ཐ་དད་དེ། དེ་དག་གིས་རྟོག་དཔྱོད་ཀྱི་བྱ་བ་མི་བྱེད་པའི་ཕྱིར།
དེ་ཡོད་པར་སྒྲུབ་བྱེད་དུ་དེ་དག་གིས་བདག་གིས་རང་ལ་གནས་པའི་ཡོན་ཏན་དེ་དག་ལ་དམིགས་པའི་ཕྱིར་ཞེས་པའི་གཏན་ཚིགས་ཀྱིས་ལམ་ནས་ཡོད་པར་འདོད་དོ།། དེ་དག་གིས་བཤད་པའི་ཡོན་ཏན་དེ་ལ་བཅུ་གསུམ་དང༌། ཉི་ཤུ་རྩ་བཞི་ཞེས་ཕྱེ་སྲོལ་གཉིས་སུ་ཡོད་པ་ལས། དང་པོ། ཡོན་ཏན་བཅུ་གསུམ་ནི། མིག་གི་བློ་སོགས་དབང་པོ་ལྔ་དང༌། བདེ་བ། སྡུག་བསྔལ། འདོད་པ། སྡང་བ། ཆོས། ཆོས་མིན། འབད་རྩོལ། འདུ་བྱེད་བཅས་[33]སོ༎ གཉིས་པ་ཡོན་ཏན་ཉི་ཤུ་རྩ་བཞིའི་གྲངས་འདྲེན་ནི། གྲུབ་མཐའ་ལྷུན་པོའི་མཛེས་རྒྱན་ལས། རྐང་མིག་གི་མདོ་ལས། གཟུགས་དང༌། རོ་དང༌། དྲི་དང༌། རེག་པ་རྣམས་དང༌། གྲངས་དང༌། ཚད་དང༌། སོ་སོ་བ་དང༌། ལྡན་པ་དང༌། རྣམ་པར་དབྱེ་བ་དང༌། གཞན་དང་གཞན་མ་ཡིན་པ་ཉིད་དང༌། བློ་རྣམས་དང༌། བདེ་བ་དང༌། སྡུག་བསྔལ་དག་དང༌། འདོད་པ་དང༌། སྡང་བ་དག་དང༌། འབད་པ་ནི་ཡོན་ཏན་དག་གོ༎ ཞེས་འབྱུང་ཞིང༌། སློབ་དཔོན་ཀམལཤཱིལས། རང་གི་སྒྲ་ལས་ལྕི་བ་དང༌། སྣུམ་པ་དང༌། འདུས་བྱས་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང༌། སྒྲ་རྣམས་གཟུང་ངོ།། ཞེས་གསུངས་ཤིང་། སྐབས་གཞན་དུ་དྲོ་བ་དང༌། གཤེར་བ་ཡང་ཡོན་ཏན་དུ་བཤད་པས་དེ་ལྟར་ཉི་ཤུ་རྩ་བཞིའོ[34]༎ ཞེས་གསུངས་སོ༎
དེས་ན་དེ་དག་གིས་བདག་དེ་ལུས་དབང་བློ་གསུམ་ལས་རྫས་ཐ་དད་པ་དང་། གོང་གསལ་ཡོན་རྟེན་རྣམས་ཀྱི་རྟེན། དེ་བཞིན་ཡོན་ཏན་དེ་དག་རང་ལ་བསྡུ་བའི་རྒྱུ་ཡང་ཡིན་པ་མ་ཟད། ངོ་བོ་སེམས་ལས་ཐ་དད་པ་དང༌། འཇིག་པ་མེད་པས་རྟག་པ། ཐམས་ཅད་ཁྱབ་པ་དང༌། སྐྱེས་བུ་དང་གང་ཟག་ཀྱང་དེའི་རྣམ་གྲངས་སུ་འདོད་དོ༎
གཞན་ཡང་དེ་དག་གི་ལུགས་ལ་ཕྱི་དོན་གསལ་ཚུལ་ལ་ཆ་བཞག་ན་སྒྲོན་མེ་འོད་ཀྱིས་རང་གི་ཉེ་འཁོར་དུ་ཡོད་པའི་དངོས་པོ་རྣམས་གསལ་བ་བཞིན་དུ། ཤེས་པས་ཆོས་ཀུན་གསལ་བར་བྱས་པར་སྨྲས་ཀྱང་སེམས་ཙམ་པ་བཞིན་ཕྱི་དོན་ཡེ་ནས་དེ་འདྲ་མིན་པར་བཞེད།
སྤྱིར་དེ་དག་གིས་བདག་དེ་རྟག་པར་འདོད་ཀྱང་། དེའི་ཡོན་ཏན་འདོད་པ་དང༌། རྩོལ་བ་སོགས་མི་རྟག་པར་ཁས་བླངས། དེ་བཞིན་བདག་འདི་ལས་ཀྱི་རྣམ་བཞག་ལ་དབང་མཁན་གྱི་དབང་པོ་ལྟ་བུ་ཡང་འདོད་དེ། སྐྱེ་བ་སྔ་མའི་ལས་ཀྱི་གཞིར་བཟུང་བདག་གི་ཀློང་ན་མངོན་པར་མི་གསལ་བའི་ནུས་པ་དམིགས་གསལ་བ་ཞིག་སྐྱེས་པ་འདིའི་མཐུས། ལས་དེ་དང་འོས་འཚམ་གྱི་ལུས་ཞིག་ལ་འཇུག་པར་བྱེད་པར་སྨྲའོ༎
ལུགས་འདིས་བདག་གི་རྣམ་གྲངས་ལ་ཆ་མཚོན་ན་གྲངས་ནི་མཐའ་ལས་འདས་ཏེ། ལུས་ཅན་ཀུན་གྱི་ནང་ནས་བདག་རེ་དང་སེམས་རེ་ཡོད་ཀྱང༌། ལུས་ཅན་གང་རུང་ཞིག་འཁོར་བ་ལས་གྲོལ་བའི་གནས་སྐབས་སེམས་འདི་བདག་དང་ཁ་བྲལ་བར་གྱུར་རུང༌། འཁོར་བ་ལ་འཆིང་བཞིན་པའི་གནས་སྐབས་སེམས་དེ་བདག་དང་ཡ་མ་བྲལ་བའི་ཚུལ་གྱིས་ལྷན་དུ་གནས་ཀྱི་ཡོད་པར་སྨྲ་བས། ལུགས་འདི་ཡང་གཅེར་བུ་པ་དང༌། གྲངས་ཅན་པ་ཇི་བཞིན་བདག་དུ་མར་ཁས་ལེན་མཁན་གྱི་གྲལ་ཞིག་ཡིན།
མཁས་པ་ཕལ་ཆེ་བས་རིགས་པ་ཅན་པ་དང༌། བྱེ་བྲག་པ་གཉིས་ཀྱི་སྤྱིར་གྲུབ་མཐའི་བཞེད་མཚམས་ཐད་ཁྱད་པར་ཆེར་མེད་པ་མ་ཟད། ཡང་སྒོས་བདག་གི་བཞེད་ཚུལ་ཁྱད་པར་མེད་པར་འདོད་དེ། ཞི་བ་འཚོས།
གཞན་དག་ཀྱང་ནི་འདིར་བདག་ཉིད༎
འདོད་ལ་སོགས་པའི་རྟེན་གྱུར་པ།།
དེ་བཞིན་རྟག་དང་ཀུན་འཇུག་ཅན༎
རང་ཉིད་སེམས་མེད་ངོ་བོར་འདོད༎
དགེ་དང་མི་དགེའི་ལས་རྣམས་ལས༎
བྱེད་པ་པོ་དང་དེ་འབྲས་ཀྱི༎
རྡོ་བུམ་སྤྲུལ་སྐུས་ཀྱང༌། གྲངས་ཅན་གྱིས་ཤེས་བྱའི་གྲངས་ཉེར་ལྔ་འདོད་པ་ལྟར་འདི་གཉིས་ཀྱིས་ཤེས་བྱ་རྣམས་ཚིག་གི་དོན་དྲུག་ཏུ་འདུ་བར་བཤད་དེ། རྫས། ཡོན་ཏན། ལས། སྤྱི། བྱེ་བྲག འདུ་བ་སྟེ་དྲུག་གོ༎ དེའི་ནང་གི་རྫས་ལ། ས་ཆུ་མེ་རླུང་ཐམས་ཅད་ལ་མ་ཁྱབ་པའི་རྫས་ལྔ་དང༌། བདག་དུས་ཕྱོགས་ནམ་མཁའ་སྟེ་ཐམས་ཅད་ལ་ཁྱབ་པའི་རྫས་བཞིར་འདོད་ཅིང༌། རྫས་ཞེས་པ་ནི་རང་གི་ཡོན་ཏན་རྣམས་འདུ་བའི་གཞིར་འགྱུར་པ་ཞིག་བརྗོད། ཡོན་ཏན་ལ་སྤྱིར་གྲངས་ཉེར་བཞི་ཡོད་དེ། གཟུགས། དྲི། རོ། རེག་བྱ། གྲངས། ཚད། སོ་སོ། ལྡན་པ། རྣམ་དབྱེ། གཞན། གཞན་མིན། བློ། བདེ་བ། སྡུག་བསྔལ། འདོད་པ། སྡང་བ། འབད་པ། ལྕི་བ། གཤེར་བ། དྲོ་བ། སྣུམ་པ། འདུ་བྱས། ཆོས། ཆོས་མིན་བཅས་སོ༎ དེ་དག་རྫས་དགུ་པོ་ཅི་རིགས་ཀྱི་ཡོན་ཏན་ཡིན་པས་བདག་གི་ཡོན་ཏན་ལ་དགུ་ཡོད་དེ། བློ། བདེ་བ། སྡུག་བསྔལ། འདོད་པ། སྡང་བ། འབད་པ། ཆོས། ཆོས་མིན། འདུ་བྱ་བའི་ཤུགས་བཅས་སོ༎
དེས་ན་བདག་ནི། ཡོན་ཏན་དགུ་པོ་དེ་དག་འདུ་བའི་རྟེན་དུ་འགྱུར་པ། ལུས་དང་དབང་པོ་བློ་གསུམ་ལས་ཐ་དད་དུ་གྱུར་པའི་རྫས་ཡོད་ཡིན་པ། སེམས་མེད་ཀྱི་ངོ་བོ་སྟེ་ཤེས་རིག་མིན་པ། མ་སྐྱེས་ཤིང་མི་འཇིག་པའི་རྟག་པ། ཐམས་ཅད་ལ་ཁྱབ་པ། དགེ་མི་དགེའི་ལས་སྣ་ཚོགས་ཀྱི་བྱེད་པ་པོ། འབྲས་བུ་འདོད་པ་དང་མི་འདོད་པའི་ཟ་བ་པོའམ་མྱོང་བ་པོ། ཆ་མེད་པའི་གཅིག་པུ་པ་ཡིན་པ་བཅས་[36] ཞེས་གསུངས་སོ༎
འཇུ་མི་ཕམ་པས། རིགས་པ་ཅན་པས་བདག་ཀུན་ལ་ཡོད་པའི་སྒྲུབ་བྱེད་དུ་བདག་གི་ཡོན་ཏན་བདེ་སྡུག་དམིགས་པ་རྟགས་སུ་འགོད་[37]ཞེས་དང༌། བྱེ་བྲག་པས་གསོན་པོའི་ལུས་བདག་བཅས་སུ་བསྒྲུབ་པ་ལ་སྲོག་དང་བཅས་པ་འགོད་པར་བྱེད་དོ[38]༎ ཞེས་གསུངས་པ་ལས་ཀྱང་བདག་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པ་འགོད་ཚུལ་གྱི་ཁྱད་པར་ཙམ་ལས། བདག་དོན་ཁས་ལེན་ཚུལ་ལ་ཁྱད་པར་མེད་པར་གྲུབ་པས། མདོར་ན་རྒྱ་བོད་མཁས་པ་ཕལ་ཆེ་བས་ལུགས་འདི་གཉིས་ཀྱི་བདག་གི་བཞེད་ཚུལ་ལ་ཁྱད་པར་མ་བྱེད་གཅིག་ཏུ་བཞེད་དོ༎
ལུགས་འདིའི་བདག་ཡོད་པའི་སྒྲུབ་བྱེད།
ལུགས་འདིས་བདག་ཡོད་པར་བསྒྲུབ་པའི་སྒྲུབ་བྱེད་གཙོ་བོ་ཁ་ཅིག དེ་དག་གི་གཞུང་ལས་གསལ་བ་རྣམས་འདིར་བསྡུས་ཏེ་བཀོད་ན།
དང་པོ་ནི། འདོད་པ་དང་། ཞེ་སྡང་བ་གཉིས་ལ་བརྟེན་ནས་བདག་ཡོད་པར་གྲུབ་སྟེ། དངོས་པོ་གང་ཡང་རུང་བ་ཞིག་ལ་འདོད་པ་སྐྱེས་པའི་གནས་སྐབས། འདས་པའི་དུས་སུ་དེ་འདྲ་བའི་དངོས་པོ་ཞིག་བདག་དེས་ལོངས་སུ་སྤྱད་ཟིན་པ་དེའི་བདེ་བ་དྲན་ནས། དེ་ལ་འདོད་པ་སྐྱེས་པར་གྱུར་པའི་ཕྱིར་རོ༎ དེ་བཞིན་ཞེ་སྡང་བ་ལ་ཡང་རིགས་པ་གཅིག་མཚུངས་ལགས་པས། མདོར་ན་འགྱུར་བ་མེད་པའི་བདག་ཅིག་མེད་ན་འདོད་པ་དང་། ཞེ་སྡང་བ་སྐྱེ་བ་མི་སྲིད་པར་འགྱུར་རོ༎
གཉིས་པ། བདེ་སྡུག་ལ་བརྟེན་ནས་ཀྱང་བདག་ཡོད་པར་གྲུབ་སྟེ། བདག་གི་ཡུལ་གང་རུང་ཞིག་ལ་འཇུག་པའི་གནས་སྐབས། ཚོར་བ་བདེ་སྡུག་གང་ཡང་རུང་བ་ཞིག་མྱོང་བ་དེའི་རྒྱུ་མཚན་ནི། འདས་པའི་སུ་ཡུལ་དེ་ལས་དེ་མཚུངས་ཀྱི་ཚོར་བ་ཞིག་བདག་གིས་མྱོང་ཟིན་པར་བརྟེན། བདག་གིས་ཡུལ་དེས་དེ་མཚུངས་ཀྱི་ཚོར་བ་ཞིག་སྦྱིན་ཟིན་པ་དྲན་པའི་ཕྱིར༎
གསུམ་པ། ཤེས་པ་ལས་ཀྱང་བདག་ཡོད་པར་གྲུབ་སྟེ། ཤེས་པས་ཐེ་ཚོམ་པའི་ཡུལ་གཉིས་ནས་སྒྲོ་འདོགས་བཅད་དེ། མཐར་ངེས་པ་རྙེད་ནས་རང་ཉིད་འདོད་པའི་དངོས་པོ་དེར་འཇུག་ནུས་པ་འདི་ནི་ཤེས་པ་ལས་གཞན་པའི་བདག་དེས་བྱེད་པ་མ་གཏོགས་ཤེས་པས་བྱེད་མི་ནུས་པའི་ཕྱིར་རོ་[39]ཞེས་སྒྲུབ་བྱེད་རིགས་པ་དེ་དག་གི་ལམ་ནས་དེ་དག་འདོད་པའི་བདག་དེ་ཡོད་པར་སྨྲའོ༎
བྱེ་བྲག་པ།
བྱུང་བ།
ལུགས་འདི་ནི་བདག་ཡོད་པར་སྨྲ་བའི་ལུགས་གང་ཞིག ལུགས་འདིའི་བྱེད་མཁན་ནི་དྲང་སྲོང་གཟེགས་གཟན་(ཀཎཱད)ཡིན་པ་དང༌། ཁོང་གི་མཚན་ལ་དེ་ལྟར་ཐོག་དགོས་དོན་ནི། དེས་སྐུ་ཚེའི་འཚོ་བ་གཟེགས་མ་ལ་བརྟེན་ཏེ་འཚོ་བས་ན་དེ་ལྟར་ཐོགས། དེར་བརྟེན་སྐབས་རེ་ལུགས་འདི་ལ་གཟེགས་གཟན་པ་ཞེས་ཀྱང་བྱ། དེ་བཞིན་སྟོན་པ་གཟེགས་གཟན་གྱི་མཚན་གཞན་ནི་འུག་པ་ཡིན་པས་ལུགས་འདི་ལ་སྐབས་རེ་འུག་པ་བ་ཞེས་ཀྱང་བྱ། མདོར་ན་ལུགས་འདི་ལ་བྱེ་བྲག་པ་(བཻཤེཥིཀ)དང༌། གཟེགས་གཟན་པ།(ཀཎཱད) འུག་པ་བ་(ཨཽལཱུཀྱ)མིང་གི་རྣམ་གྲངས་མི་འདྲ་བ་གསུམ་ཙམ་ཡོད།
ལུགས་འདི་ལ་བྱེ་བྲག་པ་ཞེས་པ་འདི་སྐད་དོད་དུ་བཻཤེཥིཀ་ཞེས་ཡོད་པས། དེའི་གོ་དོན་བཀྲལ་ཚུལ་ཐད་མཁས་པ་ཚོའི་བཞེད་པ་མི་མཐུན་པ་ཡོད་རུང༌། ཕལ་ཆེ་བས་ནི། བཻཤེཥིཀ་ཞེས་པ་དེ་ནི་བིཤཥ་ལས་གྲུབ་པས། དེ་ནི་སྤྱིར་ཁྱད་པར་རམ་བྱེ་བྲག་ལ་འཇུག་ཀྱང་། འདིར་གོ་དོན་གཙོ་བོ་ནི་རྟོག་གེའི་ཚིག་དོན་དྲུག་གི་ཁྱད་པར་རམ་བྱེ་བྲག་ཕྱེས་པ་ལ་[40]འཇུག་པར་བཞེད་དོ༎ དེ་བཞིན་ཐུའུ་བཀན་གྲུབ་མཐའ་ལས། ཚིག་དོན་དྲུག་སྤྱི་བྱེ་བྲག་གི་ཁྱད་པར་མང་དུ་སྨྲ་བས་བྱེ་བྲག་པ་[41]ཞེས་གསུངས་པ་ལས་ཀྱང་རྟོགས་པར་འགྱུར་རོ༎
གྲུབ་མཐའ་འདིའི་བྱུང་བའི་དུས་རབས་ནི་གོང་དུ་གྲུབ་མཐའ་ཁག་གི་བྱུང་བ་བརྗོད་པའི་སྐབས་ནས་ཞུས་པ་ལྟར་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་གསུམ་པ་ཙམ་ན་བྱུང་བ་དང༌། ལུགས་འདིའི་ལྟ་གྲུབ་ཀྱི་གཞི་རྟེན་བགྱི་སའི་གཞུང་ལུགས་ནི། དྲང་སྲོང་གཟེགས་གཟན་པས་མཛད་པའི་བྱེ་བྲག་པའི་མདོ་(བཻཤེཥིཀ་སཱུཏྲ)བྱ་བ་ཞིག་ཡོད་པ་དེ་ཡིན།
མཁས་པ་ལ་ལས་བྱེ་བྲག་པ་དེ། རིགས་པ་ཅན་པ་ལས་དུས་གང་འཚམ་གྱི་སྔ་བར་བྱུང་བར་འདོད། དེའི་རྒྱུ་མཚན་དུ་རིགས་པ་ཅན་པ་དག་གི་གཞུང་ལུགས་ནང༌། བྱེ་བྲག་པའི་ཤན་ཤུགས་ཆེར་ཞུགས་ཡོད་པར་བརྗོད་དོ༎
གང་ལྟར་ཡང་གྲུབ་མཐའ་དེ་གཉིས་དབར་མཐུན་ཆ་ནི་ཤིན་ཏ་ཆེ་སྟེ། སངས་རྒྱས་པའི་གཞུང་ལུགས་ནས་དེ་དགབཀག་པའི་སྐབས་ལོགས་སུ་མི་བྱེད་པར་གཅིག་ལྟ་བུའི་ཚུལ་གྱིས་བཀག་པར་བྱེད་པ་ནི་ཡོངས་གྲགས་ལྟ་བུ་ཡིན། དེ་ཡང་དཔེ་མཚོན་ལྟ་བུ་ཞིག་ཞུས་ན།
ཚད་མ་དེ་ཁོ་ན་ཉིད་ལས།
གཞན་དག་ཀྱང་ནི་འདིར་བདག་ཉིད༎
འདོད་ལ་སོགས་པའི་རྟེན་གྱུར་པ།།
དེ་བཞིན་རྟག་དང་ཀུན་འཇུག་ཅན༎
རང་ཉིད་སེམས་མེད་ངོ་བོར་འདོད༎
དགེ་དང་མི་དགེའི་ལས་རྣམས་ལས༎
བྱེད་པ་པོ་དང་དེ་འབྲས་ཀྱི༎
ཟ་བ་པོ་ཡིན་༌༌༌༌༌༌[42]ཞེས་པའི་སྐབས་ནས་བསྟན་པའི་བསྟན་དོན་བཞིན་ནོ༎ རྒྱ་གར་གྱི་གྲུབ་མཐའི་ལོ་རྒྱུས་སྨྲ་བ་པོ་ཚོས་ཀྱང་དེ་གཉིས་དབར་ཉེ་ཆ་ཆེ་བར་འདོད་དེ། སློབ་དཔོན་ཧརེནྡྲ་པྲསཱདས། དེ་གཉིས་དབར་ཉེ་ཆ་ཤིན་ཏུ་ཆེ་བའི་རྒྱུ་མཚན་གྱིས་ལུགས་འདི་ལ་མིང་ནས་འབོད་པའི་གནས་སྐབས་ལོགས་སུ་མ་འབོད་པར་ལྷན་དུ་སྦྱར་ནས་ཏེ་རིགས་པ་ཅན་པ་དང༌། བྱེ་བྲག་པ་ཞེས་སྦྱར་ནས་འབོད་སྲོལ་ཡོད་ཅེས་དང༌། རིགས་པ་ཅན་པ་དང་བྱེ་བྲག་པའི་གྲུབ་མཐའ་གཉིས་གཅིག་ལ་གཅིག་བརྟེན་ཡིན་ཏེ། གཅིག་མེད་ན་གཅིག་གི་ལུགས་འདི་ཡང་དག་པར་བཀྲལ་མི་ཐུབ།[43] ཅེས་གསུངས་པ་ལྟར་ལགས་པ་དང༌།
དེ་བཞིན་རྒྱུ་མཚན་གཞན་ཡང་ཡོད་དེ་སྐྱེས་བུས་བསྒྲུབ་དོན་གཙོ་བོ་ཐར་པ་ཡིན་པས། ཐར་པ་ནི་སྡུག་བསྔལ་ཟད་པའི་གནས་ཡིན་པ་གང་ཞིག འཁོར་བར་འཆིང་བྱེད་ཀྱི་རྒྱུ་གཙོ་བོ་མ་རིག་པ་ཡིན་པ་དང༌། གནས་ལུགས་ཡེ་ཤེས་(ཏཏྦཇྙཱན)ལས་ཐར་བ་ཐོབ་ངེས་པ་ཡིན་པར་འདོད་པ་མཚུངས་པས་དེ་གཉིས་ལ་ཕན་ཚུན་ཉེ་བའི་གྲུབ་མཐའ་སྨྲ་བ་ཞེས་གྲགས་པར་འགྱུར་རོ༎
རིགས་པ་ཅན་པའི་ལྟ་གྲུབ་ཀྱི་དམིགས་གཞི་གཙོ་བོ་ནི། རྟོག་གེའི་རྣམ་བཞག་རྣམས་[44](ཏརྐ་ཤཱསྟྲ)དང་། ཚད་མའི་རྣམ་བཞག་རྣམས་[45](པྲམཱན་ཤཱསྟྲ)ཡང་དག་པར་བསྒྲུབ་རྒྱུ་དང༌། བྱེ་བྲག་པའི་དམིགས་གཞི་ནི། གནས་ལུགས་སམ་རང་བཞིན་གྱི་རྣམ་བཞག་རྣམས་[46](ཏཏྦ་ཤཱསྟྲ)ཡང་དག་པར་བསྟན་པའི་སླད་དུའོ༎
གཞན་ཡང་རིགས་པ་ཅན་པས། དབང་ཕྱུག་(ཨཱིཤྦར)ནི་རང་བཞིན་གྱིས་གྲུབ་པ་ཡིན་པ་ཚད་མའི་ལམ་ནས་ཡང་དག་པར་གྲུབ་ཐབས་བྱེད་པའི་རིགས་པ་ཐ་དག་བྱེ་བྲག་པས་ཀྱང་བླངས་ཏེ། རིགས་པ་ཅན་བཞིན་དུ་བྱེ་བྲག་པ་ཀྱང་དབང་ཕྱུག་ཡོད་པར་ཁས་བླངས་པས། མདོར་ན་དེ་གཉིས་དབང་ཕྱུག་རྣམ་བཞག་བརྗོད་པ་ལ་གཅིག་ལ་གཅིག་བརྟེན་ཡིན།
དེ་ལྟར་ན་བྱེ་བྲག་པ་དེ་འཇིག་རྟེན་བྱེད་པོ་སྨྲ་བའི་ལུགས་ཡིན་ལ། དེས་འཇིག་རྟེན་ཐ་དག་གི་བྱེད་པོ་ནི། རང་བཞིན་གྱིས་གྲུབ་པའི་རྡུལ་ཕྲན་ཆ་མེད་(པརམཱཎུ)བཞིས་བྱེད་པར་འདོད་པས། རྡུལ་ཕྲན་ཆ་མེད་བཞི་ནི་ས་ཆུ་མེ་རླུང་བཞིའོ༎ དེ་དག་དང་ལྷན་དུ་དབང་ཕྱུག་ཀྱང་ཤུགས་རྐྱེན་ཡོད་པར་ཁས་བླངས། དེ་བཞིན་རིགས་པ་ཅན་པས་ཀྱང་བྱེ་བྲག་པ་བཞིན་ཁས་བླངས་ཏེ། བདག་གི་རྣམ་བཞག་གཏན་ལ་འབེབས་པར་མཛད་ཀྱང༌། བྱེ་བྲག་པའི་གཞུང་དུ་བདག་གི་རྣམ་བཞག་ཐད་རིགས་པ་ཅན་པ་ལྟར་དེ་ཙམ་གྱི་གསལ་ཁ་དང་རྒྱས་བཤད་མེད། དེའི་རྒྱུ་མཚན་ནིབདག་གི་རྣམ་བཞག་ཁས་བླངས་ཚུལ་ཐད་རིགས་པ་ཅན་པ་དང་ཁྱད་པར་མེད་པའི་རྒྱུ་མཚན་གྱིས་སོ༎
དེ་བཞིན་ལུགས་དེ་གཉིས་ཀྱིས་སེམས་(མན)ཀྱང༌། ཆ་མེད་ཀྱི་རྣམ་བཞག་ཁས་བླངས་ཚུལ་མཚུངས་ཀྱང་མཐུན་པ་བཅས་ལ་བལྟས་ཏེ། དེ་གཉིས་ཕན་ཚུན་ཤིན་ཏུ་ནས་ཉེ་བའམ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ལུགས་གཉིས་ཡིན་པ་རང་བཞིན་གྱིས་གྲུབ་པར་གྱུར་རོ༎
བྱེ་བྲག་པས་ཁས་བླངས་པའི་ཚིག་དོན་དྲུག་གི་གྲངས་འདྲེན་ཡོངས་སུ་གྲགས་པས། འདིར་ཟློས་སྐྱོན་མི་བགྱི། འོན་ཀྱང་ཚིག་དོན་ཞེས་པའི་སྒྲ་དོན་ཞིག་བཀྲལ་ན། དེའི་སྐད་དོད་པདཱརྠ་ཞེས་གསལ་བས། དེའི་སྒྲ་དོན་ནི། (པད)ནི་ཚིག་དང་(ཨརྠ)ནི་དོན་ལ་འཇུག་པས། དེ་གཉིས་ཚོགས་པའི་གོ་དོན་ནི་གང་ཞིག་མིང་གདགས་སུ་རུང་བའི་བདག་ཉིད་ལ་ཚིག་དོན་ཞེས་བྱ་བར་གྲགས་སོ༎ དེ་ལྟར་རེ་ཞིག་བྱེ་བྲག་པའི་བྱུང་བ་དེ་ཙམ་གྱིས་ཆོག་པར་གྱིས་པའོ༎
བདག་གི་འདོད་ཚུལ་ནི།
ལུགས་འདིས་བདག་གིས་འདོད་ཚུལ་ནི། བདག་དེ་རྟོག་བཅས་(ཅཻཏནྱ)ཀྱི་རྟེན་དུ་འདོད་པར་རྟེན་བདག་འདི་ཤེས་པའི་རྟེན་དུ་གྱུར་པའི་དངོས་པོ་ཞིག་ཏུ་འདོད་པ་དེ་ལ་སྲོག་བདག་(ཇཱིབཱཏྨཱ)དང༌། གཙོ་བོའི་བདག་གཉིས་སུ་ཡོད་པ་ལས། དང་པོ་ནི། མཐའ་བཅས་གང་ཞིག་དུ་མའི་རང་བཞིན་ཅན་དང༌། གཉིས་པ་ནི། མཐའ་བྲལ་གང་ཞིག་དུ་མས་བྲལ་བ་སྟེ་གཅིག་ཏུ་[47]འདོད་དོ༎
ལུགས་འདིས་ཤེས་པ་(ཇ྄ཉཱན)[48]དང༌། བདེ་བ། སྡུག་བསྔལ། འདོད་པ། ཆོས། ཆོས་མིན་ལ་སོགས་རྣམས་ནི་བདག་གི་ཡོན་ཏན་དུ་སྨྲ་བ་མ་ཟད། བདག་འདི་འཆི་བ་མེད་པ་གང་ཞིག་ཐོག་མཐའ་ཡང་མེད་པར་ཁས་བླངས།
དེ་དག་གིས་འདོད་པའི་སྲོག་བདག་དེ་ཡོད་པའི་སྒྲུབ་བྱེད་ནི།
དང་པོ། ཡོན་ཏན་ཇི་འདྲ་ཞིག་ཡོད་རུང་དེ་ལ་དེའི་རྟེན་གཞི་ཞིག་ནི་དགོས་ངེས་པས། རྟོག་པ་དེ་ཡང་བདག་གི་ཀློང་ལས་གློ་བུར་དུ་བྱུང་བའི་ཡོན་ཏན་ལགས་པ་དེས་བདག་འདི་ཡོད་པར་གྲུབ་བོ༎
གཉིས་པ། མཚོན་ཆ་སོགས་ཀྱིས་རང་རང་གི་དོན་བྱེད་པ་ལ། དེ་དག་ལ་ངེས་པར་དུ་བྱེད་པ་པོ་ཞིག་དགོས་པ་ལྟར། ཤེས་དབང་དག་ཀྱང་རང་རང་གི་ལས་ལ་འཇུག་པ་ལའང་ངེས་པར་དུ་བྱེད་པོ་ཞིག་དགོས་པས། དེ་ནི་བདག་ལས་གཞན་དུ་རྙེད་རྒྱུ་གང་ཡང་མེད་པས་བདག་ཡོད་པར་གྲུབ་བོ༎
གསུམ་པ། བདེ་སྡུག་སོགས་མྱོང་བའི་གནས་སྐབས། དེ་དག་ལ་དབང་བ་པོའམ་བྱེད་པོ་གང་རུང་ཞིག་གི་ཡོན་ཏན་ལྡན་པའི་བདག་ཉིད་ཅན་ཞིག་ཡིན་དགོས་པས། དེ་འདྲ་བའི་ཡོན་ཏན་དང་ལྡན་པའི་བྱེད་པོའམ་དབང་བ་པོ་ནི་བདག་ལས་གཞན་དུ་མེད་དེ། སྡུག་བསྔལ་སོགས་བདག་གི་ཡོན་ཏན་ཡིན་པའི་ཕྱིར། དེ་ལས་ཀྱང་བདག་ཡོད་པར་གྲུབ་བོ༎
བཞི་པ། བཙས་མ་ཐག་པའི་བྱིས་པ་ལ་གད་ངུ་སོགས་ཡོད་པས། དེ་ལས་དེ་འདྲའི་བདག་ཉིད་ཀྱི་ བྱ་བ་ཞིག་སྔོན་དུ་སོང་ཟིན་པ་རང་བཞིན་གྱིས་གྲུབ། དེས་ན་དེ་དག་གི་རྒྱུན་གྱི་རྟེན་གཞི་ཞིག་རང་བཞིན་གྱིས་ཡོད་དགོས་པས། དེ་ནི་བདག་ཉིད་ཡིན་པ་ལས་གཞན་མི་སྲིད་པས་བདག་ཡོད་པར་གྲུབ་བོ༎ དེ་ལྟར་རིགས་པ་དེ་དག་གི་ལམ་ནས་སྲོག་བདག་འདི་ཡོད་པར་གྲུབ་པ་དང༌།
སྤྱི་གཙོ་བོའི་བདག་ཉིད་ཅན་གྱི་བདག་འདི་ལ་གཙོ་བོའི་དབང་ཕྱུག་ཅེས་ཀྱང་བྱ། དབང་ཕྱུག་གི་ཤེས་པ་ནི་མཐའ་བྲལ་ཡིན་པ་དང༌། ཡོངས་སུ་རྫོགས་པ། ཐུགས་རྗེ་ཆེན་པོ། འཇིག་རྟེན་བྱེད་པོ། རིག་བྱེད་བྱེད་པོ་ཡིན་པ་དང༌། དེ་བཞིན་གཙོ་བོའི་བདག་འདི་སྲོག་བདག་ཐམས་ཅད་ཀྱི་ལས་ལ་གཞིགས་ཏེ་འབྲས་བུ་སྦྱིན་མཁན་ཡང་ཡིན་པར་འདོད། དེ་ལྟར་འདོད་དགོས་དོན་ནི། ལུགས་འདིས་འཇིག་རྟེན་འདི་ལས་ཀྱིས་བྱེད་པར་ཁས་བླངས་པས། དེ་ལྟ་བུའི་ལས་དེའི་རྐྱེན་ངོ་སྤྲོད་པའི་སླད་དུ་གཙོ་བོའི་དབང་ཕྱུག་གི་རྣམ་བཞག་དེ་བྱེད་པར་གྲགས་སོ༎
སྤྱིར་བདག་གི་འདོད་ཚུལ་ཐད་རིགས་པ་ཅན་པ་དང་། གཅིག་མཚུངས་ལྟར་ཡིན་པ་གོང་དུ་ཞུས་ཟིན་ནའང༌། ཅུང་ཞིག་གསལ་ཁ་དང་བཅས་ཏེ་ཞུས་ན། དེ་དག་གིས་བདག་དེ་འཁོར་བ་ལ་འཆིང་བྱེད་དང་། མྱ་ངན་ལས་འདས་པ་ལ་གྲོལ་བྱེད་ཀྱི་རྟེན་དུ་གྱུར་པའི་བདག་ཉིད་ཅན་གྱི་བདག་ཅིག་ཡོད་པར་འདོད་པ་མ་ཟད། དེ་ལའང་ཕྱི་དང་ནང་གི་བདག་གཉིས་སུ་ཡོད་པར་བཞེད་པས་ནང་གི་བདག་ནི། ནང་ཁོ་ནར་གནས་པ་གང་ཞིག་དབང་པོས་ཕྱི་དོན་ལ་འཇུག་པའི་གནས་སྐབས་དེ་ལྟར་བྱེད་དུ་བཅུག་མཁན་གྱི་བྱེད་པོ་དང༌། སྐྱེས་བུ་རྣམས་ཀྱིས་དེ་ལ་བརྟེན་ནས། ངར་འཛིན་པ་སྐྱེས་པས་ངར་འཛིན་གྱི་ཡུལ་ཡང་ཡིན་ལ་དགེ་སྡིག་ལས་ཐ་དག་གི་འབྲས་བུའི་ཟ་བ་པོའི་བདག་ཉིད་ཅན་དེ་ཕྱིའི་བདག་ཏུ་བཞེད་དོ༎ དེ་ལྟར་ཡིན་པའང་བཞི་བརྒྱ་པའི་འགྲེལ་ཆེན་ལས་འདི་སྐད་དུ། མུ་སྟེགས་ཅན་རྣམས་ནི་བདག་རྣམ་པ་གཉིས་སྨྲ་བར་བྱེད་དེ། འདི་ལྟ་སྟེ་ནང་གི་བདག་དང་ཕྱིའི་བདག་གོ། དེ་ལ་ནང་གི་བདག་ཅེས་བྱ་བ་ནི་གང་ཞིག་ལུས་ཀྱི་ནང་ཁོ་ནར་གནས་ཤིང་། དེའི་དབང་པོའི་དེ་དང་དེ་རབ་ཏུ་འཇུག་པར་བྱེད་པའོ[49]༎ སོགས་གསུངས་སོ༎
གཉིས་པ་ཕྱིའི་བདག་ནི། ལུས་དང་དབང་པོ་དག་འདུས་པའི་བདག་ཉིད་ཅན་ཏེ་གོང་དུ་བཤད་པའི་ནང་གི་བདག་དེའི་ཡོན་ཏན་ནམ། བྱེད་ལས་དག་ལ་ཕན་འདོགས་པར་བྱེད་པ་དེ་ཡིན་པའང༌། དེ་ཉིད་ལས། ཕྱིའི་བདག་ནི་ལུས་དང་དབང་པོ་འདུས་པའི་ངོ་བོ་ཅན་ནང་གི་བདག་ལ་ཕན་འདོགས་པའོ[50]༎ ཞེས་གསུངས་སོ༎
བྱེ་བྲག་པ་དང་རིག་པ་ཅན་གཉིས་ཀྱི་དབར་སྤྱིར་བདག་འདོད་ཚུལ་ཐད། གཅིག་མཚུངས་ལྟར་སྣང་ཡང་ཞིབ་པར་བལྟས་ན། ཁྱད་པར་ཕྲན་བུ་ཡོད་པར་གསུང་མཁན་ཡང་ཡོད་དེ། རྡོ་བུམ་རིན་པོ་ཆེས་འདི་སྐད་དུ། བྱེ་བྲག་པ་དང་རིག་པ་ཅན་པ་གཉིས་བདག་གི་ཡོན་ཏན་སོགས་འདོད་ཚུལ་སྤྱིར་བཏང་ཙམ་འདྲ་ཡང་། རྣམ་པ་ཐམས་ཅད་དུ་གཅིག་པར་ཡང་མིན་ནམ་(པར་)སྙམ་སྟེ། བསྟན་བཅོས་བཞི་བརྒྱ་པའི་འགྲེལ་པ་ཟླ་བ་གྲགས་པས་མཛད་པ་ལས་མུ་སྟེགས་པའི་བདག་གི་འདོད་ཚུལ་ལ་ཕྱིའི་བདག་དང་ནང་བདག་གཉིས་སུ་འདོད་པ་གཅིག་དང༌། ཡང་སྲོག་ཆགས་ཐམས་ཅད་ལ་ཡོད་པའི་བདག་ནི་ནམ་མཁའ་ལྟར་ཁྱབ་པ་དང༌། ཡིད་ཙམ་ལ་ལྡན་པའི་བདག་ནི་རྡུལ་ཕྲ་རབ་ཙམ་དུ་འདོད་པའི་[51]ཕྱོགས་གཉིས་བཀོད་པ་ལས། སྔ་མ་བྱེ་བྲག་པའི་འདོད་ཚུལ་དང་ཕྱི་མ་རིག་པ་ཅན་པའི་འདོད་ཚུལ་དུ་བོད་ཀྱི་འགྲེལ་བྱེད་པ་དག་གིས་འཆད་དོ་[52]ཞེས་གསུངས་སོ༎ དེ་ལྟར་རེ་ཞིག་བྱེ་བྲག་པའི་བྱུང་བ་དང་དེ་དག་གིས་བདག་གི་བཞེད་ཚུལ། དེ་བཞིན་ཞོར་དུ་བྱེ་རིགས་གཉིས་ཀྱི་དབར་མཚུངས་ཆོས་རེ་འགའ་ཡང་ཞུས་པའོ༎
གྲངས་ཅན་པ།
བྱུང་བ།
སྤྱིར་གྲངས་ཅན་པའི་ལྟ་བ་ཙམ་ནི་གྲུབ་མཐའ་འདི་མ་དར་གོང་ནས། རིག་བྱེད་མཐའ་པའི་གཞུང་དང༌། མཧཱབྷརཏ་སོགས་ཀྱི་ནང་གསལ་ཡོད་པ་ནི་དཔེར་ན། གྲངས་ཅན་པའི་འདོད་པའི་ཡོན་ཏན་གསུམ་དང། བདག་ཤེས་རིག་གི་སྐྱེས་བུའི་རྣམ་བཞག་གསུང་ཡོད་པར་གྲགས། འོན་ཀྱང་ལྟ་གྲུབ་དེ་དག་ཆ་ཚང་བ་གཏན་ལ་འབེབས་པའི་རིག་པའི་གཞུང་ལུགས་ནི། མདོའི་དུས་རབས་དེའི་བྱུང་བ་གོང་དུ་ཞུས་པ་ལགས་སོ༎ ལུགས་འདིའི་སྟོན་པ་ནི་དྲང་སྲོང་སེར་སྐྱ་སྟེ་(ཀཔིལ)ཡིན་པར་གྲགས་ཀྱང༌། དྲང་སྲོང་དེའི་བྱུང་བ་ལོ་རྒྱུས་རང་བཞིན་དང་ལྡན་པ་ཞིག་བཤད་པར་དཀའ་ནའང༌། ཁ་ཅིག་གིས་དྲང་སྲོང་འདི་ཚངས་པའི་སྲས་ཡིན་པ་[53]དང༌། ཁ་ཅིག་གིས་ཁྱབ་འཇུག་གིས་སྤྲུལ་པ་ཡིན་པ།[54] ཡང་ཁ་ཅིག་གིས་མེ་ལྷའི་རྣམ་སྤྲུལ་ཡིན་པར་[55]གསུངས་པ་དེ་དག་དེང་གི་ལོ་རྒྱུས་སྨྲ་ཚོས་གཅིག་ཏུ་འདོད་པར་དཀའ་བའི་རང་བཞིན་ཞིག་ཏུ་ཟད་ཀྱང༌། དོན་དུ་དེ་ནི་སུའི་རྣམ་སྤྲུལ་ཡིན་མིན་ལ་མ་ལྟོས་པར་སྐབས་དེའི་ཆེས་མངོན་པར་གྲགས་པའི་སྟོན་པ་ཞིག་ཡིན་པར་བརྗོད་པ་ལ་ཐེ་ཚོམ་དགོས་པ་གང་ཡང་མེད། སྟོན་པ་དེས་མཛད་པའི་གཞུང་ཡང་མང་པོ་ཡོད་སྲིད་ཀྱང་། ལོ་རྒྱུས་སྨྲ་བ་ཚོའི་མདུན་ལ་གཉིས་གྲངས་རྒྱུ་ཡོད་པས། གཉིས་ནི་(ཏཏྦམཱས)ཞེས་པ་ཤཽལྐ་22ཅན་ཞིག་དང༌། གྲངས་ཅན་གྱི་མདོ་ཞེས་པ་རབ་འབྱེད་དྲུག་དང་ཤཽལྐ་536ཅན་ཞིག་ཡོད་པར་བཤད་དོ༎
ལུགས་འདི་ལ་གྲངས་ཅན་ཞེས་མིང་ཐོགས་ཚུལ་ལ། ཁ་ཅིག་གིས་གྲངས་ཅན་པ་ཞེས་པའི་སྐད་དོད་དུ་(སཱཾཁྱ)ཞེས་ཡོད་པས་དེའི་སྒྲ་དོན་ནི་གྲངས་བའམ་རྩིས་པ་ལ་འཇུག ལུགས་འདིས་ཤེས་བྱ་ལ་གྲངས་ཀྱིས་རྣམ་པར་ཕྱེས་ཏེ། དེ་དག་ཡང་དག་པར་རྟོག་པ་ན་ཐར་པར་འཐོབ་པར་འདོད་པས་གྲངས་ཅན་པ་ཞེས་གྲགས་པར་སྨྲ་བ་དང༌།
བཀྲལ་ཚུལ་གཞན་ནི་གྲངས་ཅན་པ་ཞེས་པ་ནི་རྣམ་འབྱེད་ཀྱི་ཤེས་རབ་ལ་འཇུག་[56]པར་སྨྲ་བ་དེའི་གོ་དོན་ནི་འབྱུང་བ་(བྷཱུཏ)དང་། ཤེས་རིག་གི་སྐྱེས་བུའི་གནས་ལུགས་མི་ཤེས་པའི་རྨོངས་པ་དེ་ལེགས་པར་རྣམ་པར་ཕྱེས་ཏེ་ཤེས་པ་ལ་གོ་དགོས་པའི་དོན་ནོ༎
ལུགས་འདས་འཇིག་རྟེན་འདི་གཙོ་བོ་འབྱུང་(བྷཱུཏ)བ་དང༌། ཤེས་རིག་གི་སྐྱེས་བུ་གཉིས་ཕན་ཚུན་རྟེན་འབྱུང་ལས་གྲུབ་པར་འདོད་པས། རིགས་པ་ཅན་པ་བཞིན་འཇིག་རྟེན་བྱེད་པོའི་དབང་ཕྱུག་(ཨཱིཤྦར)ཁས་ལེན་མི་བྱེད་པར་རང་བཞིན་གྱིས་གྲུབ། མདོར་ན་ལུགས་འདིའི་ལྟ་བ་ནི་ལས་དང་རྐྱེན་གྱི་རྣམ་བཞག་ལ་ཡང་དག་པར་བསྟེན་པའོ༎
བདག་གི་འདོད་ཚུལ།
ལུགས་འདིས་ཁས་བླངས་པའི་བདག་འདི་ཤེས་རིག་གི་སྐྱེས་བུར་འདོད་པ་ཡོངས་སུ་གྲགས་པས་དེ་ལྟར་ཡིན་ཚུལ་ཐད་ཅུང་ཟད་བཀྲལ་ན། དེ་དག་གི་ཤེས་རིག་གི་ཁྱད་ཆོས་དང་སྦྱར་བའི་སྐྱེས་བུ་འདིའི་རང་བཞིན་ཇི་འདྲ་ཡིན་མིན་ཐད། བསམ་གཞིག་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་ལགས་པས། དེ་དག་གིས་འདོད་པའི་སྐྱེས་བུ་འདི་ཇི་འདྲ་ཞིག་ལགས་སམ་ཞེ་ན། ལུགས་འདིས་འདོད་པའི་མཐར་ཐུག་གི་གནས་ལུགས་སམ་དེ་ཁོ་ན་ཉིད་ནི་(ཏཏྦ་)གཉིས་ཏེ། རང་བཞིན་(པྲཀྲིཏི)དང༌། སྐྱེས་བུ་(པུརུཥ)འོ།། དང་པོ་ནི། ཤེས་པའི་བདག་ཉིད་ལས་ལྡོག་པ་གང་ཞིག་ཡོན་ཏན་གསུམ་གྱིས་རྒྱན་པའོ།། གཉིས་པ་ནི། ཤེས་པའི་བདག་ཉིད་གང་ཞིག་ཡོན་ཏན་གསུམ་གྱིས་སྟོང་པར་བཞེད་པ་མ་ཟད་སྐྱེས་བུ་ནི་འདི་ཤེས་པ་པོ་དང༌། རང་བཞིན་ནི་ཤེས་བྱ། དེ་བཞིན་སྐྱེས་བུ་ནི་བྱ་བྱེད་ཀྱིས་བྲལ་བ་དང༌། རང་བཞིན་ནི་བྱ་བྱེད་དང་ལྡན་པའོ༎
སྐྱེས་བུ་ནི། ལས་དང་རྐྱེན་ལས་འདས་པ་གང་ཞིག་གྱུར་ལྡོག་བྲལ་བའི་དུ་མའི་བདག་ཉིད་ཅན་དང༌། རང་བཞིན་ནི། རྐྱེན་ཡིན་པ་གང་ཞིག་གྱུར་བ་དང་བཅས་ལ་དུ་མ་རང་བཞིན་དང་བྲལ་བ་སྟེ་གཅིག་ཉིད་དུ་ཁས་བླངས།
དེ་བཞིན་སྐྱེས་བུ་ནི། ཤེས་རབ་ཀྱི་རང་བཞིན་དང་ལྡན་པ་གང་ཞིག་རྣམ་སྨིན་དང་བྲལ་བའི་རྟག་པ་དང༌། རང་བཞིན་ནི་ཤེས་རབ་ཀྱི་རང་བཞིན་དང་མི་ལྡན་པ་གང་ཞིག་རྣམ་སྨིན་དང་བཅས་པའི་རྟག་པར་འདོད་པས། མདོར་ན་གོང་གི་ཡོན་ཏན་དག་ལ་བལྟས་ན་འདི་དག་གིས་འདོད་པའི་སྐྱེས་བུ་འདིའི་ཁྱད་ཆོས་ཇི་འདྲ་ཞིག་ཡིན་མིན་རོབ་ཙམ་ཤེས་པར་གྱུར་རོ།།
དེས་ན་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་ཕལ་ཆེ་བས་འདོད་པའི་བདག་ཅེས་པ་འདི་ལ། ལུགས་འདིས་སྐྱེས་བུ་ཞེས་བཏགས་པས། དོན་དུ་འདིའི་ལུགས་ལ་བདག་དང་སྐྱེས་བུ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སོ༎
ཁྱད་པར་དེ་དག་གིས་སྐྱེས་བུ་འདི་རྣམ་པར་དག་པའི་ཤེས་རིག་གི་བདག་ཉིད་གང་ཞིག ཤེས་རིག་འདི་བདག་གི་སྟེང་དུ་གནས་པ་དང༌། ཤེས་རིག་འདི་བདག་གི་ཡོན་ཏན་མིན་པར་རང་བཞིན་དུ་སྨྲ་བར་བྱེད་པའི་རྒྱུ་མཚན་ནི། བདག་འདི་ལངས་པ་དང་གཉིད་པ་སོགས་གནས་སྐབས་ཐམས་ཅད་དུ་ཤེས་རིག་དེ་ཡོད་པ་(བརྟམཱན)ཉིད་དུ་ངེས་པའི་ཕྱིར་རོ༎ དེ་བཞིན་བདག་དེ་གསལ་རིག་བདག་ཉིད་དེ་རང་གཞན་ཐམས་ཅད་སྣང་བར་བྱེད་པར་ཡང་སྨྲ།
ལུས་ནི་འབྱུང་བ་ལྔའི་བདག་ཉིད་(བྷཽཏིཀ)ལས་གྲུབ་པ་དང༌། བདག་ནི་དེ་ལས་ལྡོག་པ་ཡིན་པའི་ཕྱིར་ལུས་དེ་བདག་ཡིན་པར་ཁས་མི་ལེན། སེམས་(བུདྡྷི་)དང་ང་རྒྱལ་ཡང་བདག་མིན་ཏེ་དེ་གཉིས་ནི་ཤེས་པའི་བདག་ཉིད་བྲལ་བ་གང་ཞིག བདག་ནི་ཤེས་པའི་(ཅེཏན)བདག་ཉིད་ཡིན་པ་དང༌། དེ་བཞིན་བདག་དེ་དབང་པོ་དག་དང་ཡང་ཐ་དད་དེ། དབང་པོ་དེ་དག་ནི་ཚོར་བའི་རྒྱུད་ལམ་ཡིན་ལ་བདག་གི་ཚོར་བ་ལས་འདས་པར་འདོད་དོ།།
རྒྱུ་མཚན་དེ་དག་ལ་བརྟེན་ནས་བདག་གམ་སྐྱེས་བུ་འདི་བྱེད་ལས་དང་བྲལ་བ། ཡོན་ཏན་གསུམ་གྱིས་སྟོང་པ། རྒྱུན་དུ་གནས་པའི་རྟག་པ། ཐོག་མཐའི་གནས་སྐབས་འབྱེད་རྒྱུ་མེད་པའི་བདག་ཉིད་གང་ཞིག་དགེ་སྡིག་གཉིས་ལས་བྲལ་བར་སྨྲ་བའོ༎
སྐྱེས་བུ་ཡོད་པའི་སྒྲུབ་བྱེད་ནི།
དེ་དག་གི་གཞུང་ལས་འདི་སྐད་དུ།
འཇིག་རྟེན་ཆོས་ཀུན་ཚོགས་པའི་བདག་ཉིད་ཅན༎
ཡོན་ཏན་གསུམ་གྱིས་ཀུན་ལ་ཁྱབ་པ་དང༌༎
ཆོས་ཀུན་ཤེས་པོ་ཞིག་ལས་བསྐྱེད་པར་འགྱུར༎
དངོས་ཀུན་སྤྱོད་ཡུལ་ལགས་པས་སྤྱོད་པོ་དགོས༎
འགའ་ཞིག་ཐར་དོན་འབད་པ་སྐྱེད་པའང་མཐོང༌༎
དེ་ལྟར་ལས་ནི་སྐྱེས་བུ་ཡོད་པར་གྲུབ༎ [57]ཅེས་སྒྲུབ་བྱེད་རིགས་པ་ལྔའི་ལམ་ནས་དེ་དག་གིས་སྐྱེས་བུ་ཡོད་པར་སྨྲ་བས། འདིར་རིགས་པ་ལྔ་པོ་དག་ས་བཅད་མ་སྟོང་ཙམ་ཞིག་ཞུས་ན།
དང་པོ། འཇིག་རྟེན་འདི་ན་ཡོད་པའི་དངོས་པོའི་ཆོས་ཀུན་ནི་ཚོགས་པའི་བདག་ཉིད་ཅན་ཡིན་པས། དེ་དག་གི་ནི་རང་ཉིད་གྲུབ་ཙམ་ཉིད་ནས་གཞན་གྱི་དོན་དུ་གྲུབ་པ་ཡིན་པས། དེ་ལྟ་བུ་གཞན་འདི་ནི་སྐྱེས་བུ་ཉིད་ཡིན་པའི་ཕྱིར་རོ༎
གཉིས་པ། འཇིག་རྟེན་གྱི་དངོས་པོ་ཀུན་ཡོན་ཏན་གསུམ་གྱིས་ཁྱབ་པའམ། དེའི་བདག་ཉིད་ཅན་ཡིན། ཡོན་ཏན་གསུམ་པོ་དེ་དག་ལ་བདེ་སྡུག་སོགས་བསྐྱེད་པའི་ནུས་པ་ཡོད། འོན་ཀྱང་དེ་དག་གིས་བདེ་སྡུག་བསྐྱེད་པའི་བྱེད་པའི་གནས་སྐབས། དེ་དག་ལ་དཔང་པོ་ཡོན་ཏན་གསུམ་གྱི་རྒྱ་ལས་འདས་པ་ཞིག་ངེས་པར་དགོས་པས། འདི་ནི་སྐྱེས་བུ་ལས་གཞན་པའི་དེ་ལྟ་བུའི་ཁྱད་ཆོས་ལྡན་པ་ཞིག་བཞག་རྒྱུ་མེད་པར་བརྟེན་སྐྱེས་བུ་ཡོད་པར་གྲུབ་བོ༎
གསུམ་པ། བདེ་སྡུག་ལ་སོགས་པའི་ཆོས་ཀུན་ནི་ཤེས་པ་མིན་པས། དེ་དག་རྒྱ་བསྐྱེད་པའམ་རང་རང་གི་དོན་བྱེད་པ་ལ། ཤེས་པའམ་ཤེས་པ་པོའི་བདག་ཉིད་ཅན་གྱི་ཆོས་ཤིག་ངེས་པར་དགོས་པས། འདི་ནི་ཤེས་རིག་གི་སྐྱེས་བུ་ཉིད་ལགས་པ་དེ་ཕྱིར་ནའང་སྐྱེས་བུ་དེ་ཡོད་པར་གྲུབ།
བཞི་པ། འཇིག་རྟེན་གྱི་ཆོས་ཀུན་ཤེས་བྱའམ་ལོངས་སུ་སྤྱོད་བྱ་ལགས་པས། དེ་དག་ལ་ཤེས་པོའམ་ལོངས་སུ་སྤྱོད་པ་པོ་ཞིག་ངེས་པར་དགོས། འོན་ཀྱང་ཤེས་པ་པོའམ་ལོངས་སུ་སྤྱོད་པ་པོ་དེ་ཆོས་དེ་དག་གི་ཁྱད་ཆོས་སམ་ཡོན་ཏན་དང་མི་འདྲ་བ་ཞིག་དགོས་པས། འདི་ནི་སྐྱེས་བུ་ཉིད་ལགས་པས། རྒྱུ་མཚན་འདི་ལ་བརྟེན་ནས་ཀྱང་སྐྱེས་བུ་ཡོད་པར་གྲུབ།
ལྔ་པ། འཇིག་རྟེན་འདི་ན་སྐྱེས་བུ་འགའ་ཞིག་འཁོར་བར་ཡིད་ལོག་སྟེ་ཐར་པའི་དོན་དུ་འབད་པ་ཤུགས་དྲགས་བྱེད་མཁན་དེ་འདྲའང་ཡོད་པ་དེས་ཀྱང་སྐྱེས་བུ་ཡོད་པར་བསྒྲུབ་ཏེ། ཐར་པ་འདོད་ནས་འབད་པ་བྱེད་པ་དེས་གང་ཞིག་སྟོན་གྱི་ཡོད་ཅེ་ན། ཐར་པ་ནི་ཉོན་མོངས་ཞི་བ་ལ་བྱ་བས། དེ་ལྟ་བུ་ཉོན་མོངས་དེ་ཞི་བར་བྱེད་པའི་ནུས་པ་ཅན་གྱི་ཆོས་ཤིག་ཡོད་པ་དེས་ཐར་པ་འཐོབ་པར་བྱེད་ནུས་པར་གྱུུར་རོ༎ དེ་འདྲའི་བདག་ཉིད་ཀྱི་ཆོས་ནི་བདག་གམ་སྐྱེས་བུ་ཉིད་ཡིན་པའི་ཕྱིར་སྐྱེས་བུ་ཡོད་པར་གྲུབ། ཞེས་དེ་ལྟར་རྒྱུ་མཚན་ལྔའི་ལམ་ལས་སྐྱེས་བུ་དེ་ཡོད་པར་སྨྲའོ༎
བདག་གི་གྲངས་འདོད་ཚུལ་ལ་ཆ་བཞག་ནའང་། ལུགས་འདིས་བདག་དུ་མར་འདོད་དེ། སེམས་ཅན་ཇི་ཙམ་ཡོད་པ་དེ་ཙམ་གྱིས་སྐྱེས་བུའམ་བདག་ཡོད་པར་འདོད་པའི་ཕྱིར་རོ༎ བདག་དེ་དག་གི་ཡོན་ཏན་གྱི་ཆ་ནས་གཅིག་མཚུངས་ཡིན་ཀྱང༌། རྣམ་སྨིན་གྱི་ཆ་ནས་ཐ་དད་པའོ༎
དེ་བཞིན་ལུགས་དེའི་བདག་ཁས་ལེན་ཚུལ་ཐད། དཔལ་ལྡན་ཟླ་བ་གྲགས་པས།
ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག།
ཞི་བ་འཚོས་དབུ་མ་རྒྱན་ལས།
སྙིང་སྟོབས་ལ་སོགས་བདག་སྒྲ་སོགས༎
ལེགས་ལྡན་འབྱེད་ཀྱིས།
བདག་ཀྱང་གཞན་ལ་རང་བཞིན་གཞན༎
དེ་ལྟར་དེ་ཉིད་མཐོང་བ་ཡིས༎
བྱེད་དང་བྱ་བ་ལྡོག་པ་ཡི༎
རྟོག་གེ་འབར་བ་ལས། འཁོར་བ་ན་ཡུལ་ལ་སྲེད་པ་ཉིད་ཀྱིས་སྐྱེས་བུ་དང༌། རང་བཞིན་གཅིག་པ་ཉིད་དུ་རྨོངས་པ་ཡོད་ལ། ཤེས་པ་ལྷག་པར་སྐྱེས་པར་གྱུར་པ་ན་དོན་ཐམས་ཅད་ལ་ཡོངས་སུ་མངོན་པར་འགྱུར་བའི་ཕྱིར་རང་བཞིན་ཡང་གཞན་ལ་བདག་ཀྱང་གཞན་ནོ་ཞེས་དེ་ཁོ་ན་ཉིད་མཐོང་བ་ན། ས་ལསོགས་པའི་བྱ་བ་དང༌། མིག་ལ་སོགས་པའི་བྱེད་པ་རྣམས་ལྡོག་པར་འགྱུར་བས་བཅིངས་པལས་ཐར་པ་ཡིན་ནོ།།[61] ཞེས་དང༌།
ཐུའུ་བཀན་གྲུབ་མཐའ་ལས། ཤེས་བྱ་ཐམས་ཅད་ཉི་ཤུ་རྩ་ལྔར་གྲངས་ངེས་པར་འདོད་དེ། གཙོ་བོ་དང་། ཆེན་པོ་དང༌། ང་རྒྱལ་དང༌། དེ་ཙམ་ལྔ་དང༌། འབྱུང་བ་ལྔ་དང༌། དབང་པོ་བཅུ་གཅིག་དང༌། བདག་ཤེས་རིག་གི་སྐྱེས་བུ་སྟེ་ཉེར་ལྔའོ༎ དེ་དག་ལས་སྐྱེས་བུ་ནི་ཤེས་པ་དང༌། ལྷག་མ་ཉེར་བཞི་འདུས་བསགས་ཡིན་པས་བེམ་པོར་འདོད་ཅིང༌། རྩ་བའི་རང་བཞིན་དང༌། སྤྱི་དང༌། གཙོ་བོ་རྣམས་དོན་གཅིག་ཅིང་ཁྱད་ཆོས་དྲུག་ལྡན་གྱི་ཤེས་བྱ་ཞིག་ལ་འདོད། སྐྱེས་བུ་དང༌། བདག་དང༌། ཤེས་པ་དང༌། རིག་པ་རྣམས་དོན་གཅིག བློ་དང་ཆེན་པོ་ནི་མིང་ག་རྣམས་གྲངས་ཡིན་ཞིང༌། དེ་ནི་ཕྱི་ནས་ཡུལ་དང༌། ནང་ནས་སྐྱེས་བུའི་གཟུགས་བརྙན་འཆར་བའི་མེ་ལོང་ངོས་གཉིས་པ་ལྟ་བུ་ཞིག་ལ་འདོད། བློ་ལ་བེམ་པོས་ཁྱབ་པ་དང༌། ཤེས་པ་ལ་བདག་གཅིག་དགོས་[62]ཞེས་གསུངས་པ་ལྟ་བུའོ༎
མདོར་ན་ལུགས་འདིས་འདོད་པའི་བདག་ནི། དགེ་མི་དགེའི་ལས་ཀྱི་འབྲས་བུ་བདེ་སྡུག་ཉམས་སུ་མྱོང་མཁན་དང༌། ཟ་བོ། རྟག་པ་བཅས་ཡིན་ཀྱང༌། རྣམ་འགྱུར་སྣ་ཚོགས་པའི་སྤྲོ་བ་པོ་དང་བྱེད་པོ་མིན་ཏེ། བྱེད་པོ་ནི་སྤྱི་གཙོ་བོ་ཡིན་པར་འདོད་པའོ༎
དཔྱོད་པ་བ། (མཱིམཱཾསཱ)
བྱུང་བ།
ལུགས་འདིའི་རྩ་བའི་མདོ་བྱེད་པོ་ནི་རྒྱལ་དཔོགས་པ་(ཇཻམིནི)ཡིན་པས། དེའི་དུས་རབས་ནི་བལ་དེབ་ཨུཔཱདྱཱཡས་བིཀྲཾ་ཁྲི་ལོ་སྔོན་གྱི་བརྒྱ་ཕྲག་གསུམ་པ་ཡིན་པར་[63]གསུངས། ཡང་དེས་དྲང་སྲོང་འདི་ནི་ལུགས་འདིའི་རྩ་བའི་མདོ་བྱེད་པོ་ལས་ཤིང་རྟའི་སྲོལ་འབྱེད་མིན་པར་འདོད་དེ། འདི་སྐད་དུ། དེས་རང་ཉིད་ཀྱི་གཞུང་ནང་དཔྱོད་པ་པའི་སློབ་དཔོན་བརྒྱད་ཀྱི་བཞེད་པ་བྲིས་ཡོད་པས། སློབ་དཔོན་བརྒྱད་ནི་ཨཱཏྲེཡ་དང༌། ཨལེཁན། ཨཱཤྨརཐྱ། ཨཻཏིཤཱཡན། ཀཱམུཀཱཡན། ཀཱརྵྞཱཇིནི། བཱདརཱཡཎ་བཱདརི། ལཱལུཀཱཡན་བཅས་བརྒྱད་དོ༎ རྒྱལ་དཔོགས་པས་མཛད་པའི་མདོ་དག་ནི་ད་ལྟ་ཧ་ལམ་མཐོང་རྒྱུ་མེད་ཅེས་[64]སོགས་གསུངས་པའི་ཕྱིར་རོ༎
འོན་ཀྱང་སློབ་ཧརེནྡྲ་པྲསཱདའི་འདོད་པ་ནི། རྒྱལ་དཔོགས་པ་ཉིད་ལུགས་འདིའི་ཤིང་རྟའི་སྲོལ་འབྱེད་ཡིན་པ་གང་ཞིག དཔྱོད་པ་པའི་ལྟ་གྲུབ་བསྟན་པའི་མདོ་མཛད་པ་དེ་ལ་ཕྱིས་སུ་སློབ་དཔོན་ཤབར་བྱ་བས་འགྲེལ་པ་མཛད་པར་[65]འདོད་དོ༎ ལུགས་འདི་ལ་ནང་གསེས་མི་འདྲ་བ་གཉིས་སུ་རིམ་པས་རྒྱས་པ་དེ་དག་གི་སྲོལ་བྱེད་ནི་ཀུམཱརིལ་བྷཊྚ་དང༌། པྲབྷཱཀར་མིཤྲ་བྱ་བ་ཡིན་ནོ༎
ལུགས་འདི་ནི་རིག་བྱེད་ལ་ཚད་མར་བཞེད་མཁན་ཞིག་ཡིན་མོད། སྤྱིར་རིག་བྱེད་ལ་ཡེ་ཤེས་(ཇྙཱན)དང་། ཆོ་ག་ཕྱག་ལེན་(ཀརྨཀཱནྜཱ་)བཅས་ཡན་ལག་གཉིས་སུ་ཡོད་པ་ལས། དང་པོ་རིག་བྱེད་མཐའ་པའི་ལྟ་གྲུབ་ནང་དཔྱད་ཞིབ་གཙོ་བོར་གྱིས་ཡོད་པ་དང༌། ཕྱི་མ་ནི་ལུགས་འདིས་དཔྱད་ཞིབ་གཙོ་བོར་གྱིས་པར་གྲགས། ལུགས་འདིའི་དུས་རབས་ནི་གོང་དུ་གསལ་བའི་དུས་ཚིགས་གསུམ་གྱི་ནང་ནས། ཕྱི་མའི་ནང་བྱུང་བ་ཡིན་པ་ནི་སྨོས་མེད་ཡིན་ཏེ་གོང་དུ་སྟོན་པ་རྒྱལ་དཔོགས་པའི་དུས་ཚིགས་དེ་ལས་གྲུབ་པར་གྱུར་རོ༎
བདག་གི་འདོད་ཚུལ།
ལུགས་འདིའི་བདག་ནི་དངོས་པོ་(དྲབྱ)གང་ཞིག་ཤེས་རིག་(ཅཻཏནྱ)ཡོན་ཏན་གྱི་རྟེན་ཡིན་པ་དང་ཤེས་པ་དེ་(ཅེཏནཱ)བདག་གི་རང་བཞིན་མིན་ཀྱང་ཡོན་ཏན་ཡིན་པ། དེ་བཞིན་ཤེས་རིག་འདི་བདག་གི་གློ་བུར་(ཨཱགནྟུཀ) བའི་ཡོན་ཏན་ཡིན་པ་ལས་རང་བཞིན་མིན་པར་སྨྲ།
གཞན་ཡང་བདག་འདི་དབང་ཤེས་དང་འཕྲད་པའི་གནས་སྐབས། དེ་ལ་ཤེས་རིག་གི་ཆ་སྐྱེས་བར་གྱུར་ལ། དེ་མིན་ཉལ་བའི་གནས་སྐབས་བདག་དེ་ཤེས་པས་སྟོང་པ་དང༌། དེ་བཞིན་ཐར་པ་ཐོབ་པའི་གནས་སྐབས། བདག་འདི་རང་གི་ཁྱད་པར་བའི་ཡོན་ཏན་(བིཤེཥ་གུཎ)དང་མི་ལྡན་པར་གྱུར་བའི་རྒྱུ་མཚན་ལ་བརྟེན་ནས་ཐར་པ་ཐོབ་པའི་གནས་སྐབས། བདག་ལ་ཤེས་པའི་རང་བཞིན་གྱིས་སྟོང་པར་གྱུར་བར་སྨྲ། དེ་ལྟར་ན་ལུགས་འདིའི་བདག་འདོད་ཚུལ་ནི་བྱེ་བྲག་པ་དང་རིགས་པ་ཅན་པའི་བདག་འདོད་ཚུལ་དང་ཅུང་ཟད་མཚུངས་སོ༎
མདོར་ན་ལུགས་འདིས་བདག་ལ་སྐྱེས་འཇིག་མེད་པས་རྟག་པ་དང༌། དབང་ཤེས་གཉིས་ལས་ཐ་དད་པ། རྣམ་པར་ཤེས་པ་(བིཇ྄ཉཱན)དང་རྒྱུན་(སནྟཱན)ལས་ཐ་དད་པ། ལུས་ལས་ཐ་དད་པར་འདོད་དོ༎
བདག་འདི་གཞན་ལ་མ་བརྟེན་པར་རང་ཉིད་རང་གིས་གསལ་བའི་ནུས་པ་ལྡན་པ་དང། དེ་བཞིན་བྱེད་པ་པོ་དང༌། སྤྱོད་པ་པོ། ཤེས་པ་པོ་ཡང་འདོད་པས། འདོད་ཚུལ་འདི་གཅེར་བུ་པའི་འདོད་པ་དང་མཚུངས་ལ། དེ་དག་གིས་སྐྱེ་བ་ཕྱི་མ་ལེན་བྱེད་དམ། ལེན་མཁན་ནི་བདག་ཉིད་དུ་བཤད་དེ། འཆི་བའི་གནས་སྐབས་ལུས་འདི་འབོར་ནས། བདག་འདི་སྐྱེ་བ་ཕྱི་མ་འཇུག་པར་བཤད་པའི་ཕྱིར་རོ༎
བདག་གི་གྲངས་ནི། འདི་དག་གིས་དུ་མར་འདོད་པ་དང༌། བདག་འདི་ཡོན་ཏན་འདྲ་མིན་དུ་མ་ཡོད་པར་འདོད་ཀྱང་ལྷག་པར་ཡོན་ཏན་དགུ་བརྗོད་པར་བྱེད་དོ༎
དེ་བཞིན་ནང་པའི་མཁས་པ་ད་གི་གཞུང་ལས་ཀྱང་ལུགས་འདིའི་བཞེད་ཚུལ་རྣམས་འདིར་འགའ་ཞིག་འབྲངས་ན། དེ་ཡང་ཞི་བ་འཚོས་དེ་ཁོ་ན་ཉིད་ལས།
གཞན་དག་བདག་ནི་ལྡོག་པ་དང༌༎
རྗེས་འགྲོ་བདག་ཉིད་ཅན་གྱིས་ནི༎
སེམས་པའི་ངོ་བོ་ཉིད་དུ་འདོད༎
སེམས་པ་བློ་ཡི་མཚན་ཉིད་ཅན༎
དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོས། བདག་ནི་གྲངས་ཅན་ལྟར་མ་ཡིན་པར་བློ་ཡི་ངོ་བོ་དང་སེམས་པ་ཅན་དུ་འདོད་པ་དང༌། དབང་ཕྱུག་པ་ལྟར་བེམ་པོ་མ་ཡིན་པར་ཤེས་རིག་གི་རང་བཞིན་དང༌། སངས་རྒྱས་པ་ལྟར་མི་རྟག་པ་མ་ཡིན་པར་རྟག་པའི་ངོ་བོ་དང༌། རྒྱང་ཕན་ལྟར་ལུས་སེམས་དབྱེར་མེད་མ་ཡིན་པར་ལུས་ལས་ཡན་གར་བའི་བདག་རྫས་ཡོད་དང༌། རིག་པ་ཅན་པ་ལྟར་རྗེས་སུ་འགྲོ་བ་མེད་པ་མ་ཡིན་པར་བདེ་སྡུག་སོ་སོའི་དུས་ཀྱི་རྣམ་གྲངས་དང༌། གནས་སྐབས་མི་རྟག་ཀྱང་སྐྱེས་བུའི་ངོ་བོ་ལ་ཆ་སོགས་དབྱེར་མེད་ཀྱང་གནས་སྐབས་ཙམ་གྱི་བདག་སོ་སོ་བར་འདོད་དེ། སྦྲུལ་འཁྱིལ་བ་དང༌བརྐྱང་པའི་གནས་སྐབས་སོ་སོ་བ་ཡིན་ཀྱང་སྦྲུལ་རང་གི་ངོ་བོ་ལ་དབྱེ་བ་མེད་པར་འདོད[67]། ཞེས་སོགས་ མཁས་པ་དག་གི་་གསུངས་ལས་ལུགས་འདིའི་བདག་བཞེད་ཚུལ་གསལ་བར་བྱེད་མོད།
མདོར་ན་ལུགས་འདིས་བདག་ནི་སེམས་པ་ཅན་གྱི་ཤེས་རིག་རང་བཞིན་གང་ཞིག དེ་ལ་ངོ་བོ་དང་ཆ་ཤས་སོགས་དབྱེ་རྒྱུ་མེད་པའི་རྟག་པར་འདོད་དོ༎
གཅེར་བུ་པ།
བྱུང་བ།
གཅེར་བུ་བའི་ལུགས་འདི་ནི། རྒྱ་གར་ནང་སངས་རྒྱས་པའི་གྲུབ་མཐའ་དར་བཞིན་པའི་དུས་མཚུངས་ལྟ་བུ་ཞིག་ལ་ཡང་ཚར་ལོངས་བྱུང་བ་ཞིག་ཡིན་པས། དེ་ལ་སངས་རྒྱས་པའི་དུས་མཉམ་གྱི་ལྟ་གྲུབ་ཅེས་བྱ།
ལུགས་འདི་ལ་སྟོན་པ་ཉེར་བཞི་ཡོད་པར་གྲགས་པས་དང་པོ་དང་། ཉེར་གསུམ་པ། ཉེར་བཞི་པ་ལས་གཞན་པའི་ལྷག་མ་རྣམས་ཀྱི་རྣམ་ཐར་ནི་དེ་ཙམ་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཐོག་ནས་བཤད་རྒྱུ་མེད། སྟོན་པ་དེ་དག་མཚན་ནི། དང་པོ་ནི་རྲིཤབྷདེབ་དང༌། ཉེར་གསུམ་པ་ནི་པཱརྴྦནཱཐ། དེ་བཞིན་ཉེར་བཞི་པ་མཧཱབཱིར་ཞེས་བྱའོ༎ གཅེར་བུ་པ་དག་གིས་སྟོན་པ་ལ་ཇིན་ཞེས་བྱ་བས་ཇིན་ཞེས་པའི་སྒྲ་འདི་ཇི་ལས་གྲུབ་པ་དང་དེ་ནི་རྒྱལ་བའི་དོན་ལ་འཇུག དེའི་གོ་དོན་ནི་སྟོན་པ་དེ་དག་ཉོན་མོངས་པའི་དགྲ་ལ་རྒྱལ་བས་ན་ཇིན་ནམ་རྒྱལ་བ་ཞེས་བརྗོད།
སྤྱིར་ལུགས་འདི་སྟོན་པ་24་སྨྲ་བར་བྱས་ཀྱང་ད་ལྟའི་གྲུབ་མཐའ་འདིའི་ཤིང་རྟའི་སྲོལ་བྱེད་ནི་སྟོན་པ་ཐ་མ་མཧཱབཱིར་ཁོ་ན་ཡིན་པ་དང༌། ད་ལྟ་གཅེར་བུ་བའི་ལྟ་གྲུབ་ཀྱི་གཞི་བཞག་པའི་གཞུང་ལུགས་དག་གི་གསུང་པ་པོ་ནི་སྟོན་པ་དེ་ཉིད་ཡིན་པར་དེ་དག་གིས་འདོད་དོ།།
སྟོནཔ་མཧཱབཱིར་འདི་གཞོན་ནུའི་སྐབས་ཀྱི་མཚན་ནི་ཝརྡྡྷམཱན་ཞེས་བྱ་བ་དང༌། དེ་ཡང་སངས་ཤཱཀྱ་ཐུབ་པ་བཞིན། རྒྱལ་རིགས་སུ་འཁྲུངས་ཀྱང་མཐར་ཁྱིམ་སྤངས་ནས་དཀའ་ཐུབ་དྲག་པོ་ལོ་12རིང་བཅད་པ་ལས་ཡེ་ཤེས་རྙེད། དེས་ཉོན་མོངས་ཀྱི་ཚོགས་ལས་མངོན་པར་རྒྱལ་བར་གྱུར་བ་ན་གཞི་མ་དེའི་མཚན་ལ་མཧཱབཱིར་ཞེས་ཐོགས་པ་དང༌། དེ་ཡང་རང་གི་སློབ་མ་ལ་ཆོས་གནས་གཅིག་ཏུ་མིན་པར་རྒྱུ་བའི་ཚུལ་གྱི་བསྟན་ཏེ། མཐར་དགུང་ལོ་70ལ་ཕེབས་པ་ན་མྱ་ངན་ལས་འདས་པ་ལོ་རྒྱུས་བདག་ལ་གསལ་བར་སྣང་ངོ༎
ལུགས་འདི་ལ་ནང་གསེས་སྡེ་ཚན་གཉིས་སུ་ཡོད་དེ། ཤྦེཏཱམྦར་སྟེ་གོས་དཀར་ཅན་པ་དང༌། དིགམྦར་སྟེ་ཕྱོགས་ཀྱི་གོས་ཅན་ནམ་ནམ་མཁའི་གོས་ཅན་གཉིས་སུ་ཡོད་པ་ལས། ཕྱོགས་ཀྱི་གོས་ཅན་པ་དག་ནི་ལུས་གཅེར་བུར་རྒྱུ་བ་དང༌། གོས་དཀར་ཅན་པ་དག་ནི། གོས་དཀར་ལ་བསྟེན་པར་བྱེད་དོ༎
འོན་ཀྱང་ལུགས་འདི་སྟོན་པའི་གྲངས་བཞེད་ཚུལ་ཐད། རང་རེ་བོད་ཀྱི་མཁས་པ་ཚོས་25བཞེས་མཁན་དེ་འདྲ་ཡོད་དེ་དཔེར་ན། ལྕང་སྐྱའི་གྲུབ་མཐའ་ལས། དྲང་སྲོང་མཆེད་འོས་དང༌། ཁྱུ་མཆོག་འཕེལ་བ་སོགས་སྟོན་ཉེར་ལྔ་ཡོད་པར་བཤད་དོ་ཞེས་དང༌། སྟག་ཚང་པས་ཀྱང་། དྲང་སྲོང་རྒྱལ་བ་དམ་པ་ལྷར་འཛིན་ཅིང་ཁྱུ་མཆོག་དང༌། ལྡོང་རིས་སོགས་ཉེར་ལྔའི་རྗེས་སུ་འབྲང་བར་བྱེད་དོ༎[68] ཞེས་གསུངས་པ་དག་ལས་ཤེས་ནུས་པས། དོན་དུ་གྲངས་དེ་24།25གཉིས་ནས་སུ་བདེན་མིན་གཅིག་ཏུ་སྨྲ་དཀའ་ནའང་འདིར་རང་འདྲ་བློ་གསར་སློབ་མ་རྣམས་ལ་གོ་རྟོགས་བསྐྱེད་པའི་སླད་མི་མཐུན་པའི་ཆ་ཇི་ཡོད་འདིར་ཞུས་པ་ཙམ་དུ་ཟད།
མདོར་ན་ལུགས་འདི་དང་སངས་རྒྱས་པའི་ལུགས་གཉིས་དུས་མཉམ་བྱུང་བས། དི་གཉིས་དབར་མཐུན་ཆ་ནི་དཔེར་ན། རིག་བྱེད་ཁས་མི་ལེན་པ་དང༌། དབང་ཕྱུག་(ཨཱིཤྦར)ཁས་མི་ལེན་པ། འཚེ་བ་མེད་པའི་སྤྱོད་པ་སྐྱོང་བ་བཅས་མཐུན་པའི་ཆ་ཡིན་ལ། གྲུབ་མཐའ་སྨྲ་བ་ཚོས་ལུགས་འདི་གཉིས་ལས་མེད་པར་སྨྲ་བའི་ལུགས་ཞེས་ཀྱང་བརྗོད་པར་བྱས་སོ༎
ལུགས་འདི་དང་ནང་པའི་དབར་མི་མཐུན་པའི་ཆའང་མི་ཉུང་བ་ཞིག་ཡོད་དེ་དཔེར་ན། སངས་རྒྱས་པའི་བདག་ཁས་མི་ལེན་པ་དང་། འདིས་བདག་ཁས་ལེན་པ་ཙམ་དུ་མ་ཟད་གྲངས་ལས་འདས་པར་སྨྲ་བས་བདག་དུ་མའི་རྣམ་བཞག་སྨྲ་བ་དང༌། སངས་རྒྱས་པས་ཕྱི་དོན་ཁས་མི་ལེན་པ་དང༌། འདིས་ཕྱི་དོན་བདེན་པར་གྲུབ་པ་ཁས་ལེན་པ་སོགས་ལས། སངས་རྒྱས་པ་དང་ལུགས་འདིས་དབར་ཁྱད་པར་གྱུར་རོ༎
བདག་གི་འདོད་ཚུལ།
ལུགས་འདིས། བདག་ལ་འདི་སྲོག་(ཇཱིབ)ཅེས་བརྗོད་པ་ལས་བདག་ཅེས་པའི་ཐ་སྙད་མི་བྱེད་པར། དོན་དུ་བདག་དང་སྲོག་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་དོ༎
དེ་དག་གིས་རྟོག་པ་(ཅེཏན་དྲབྱ)དེ་ལ་སྲོག་ཅེས་བརྗོད་པས། རྟོག་བཅས་ནི་(ཅཻཏནྱ)སྲོག་གི་མཚོན་བྱེད་གཙོ་བོ་ལྟ་བུ་ཡིན་པ། དེ་བཞིན་རྟོག་བཅས་དེ་ལུས་ཡོངས་ལ་ཁྱབ་པ་དང༌། གལ་ཏེ་རྟོག་བཅས་དང་བྲལ་ན་སྲོག་དེ་ལ་བསམ་རྟོག་བྱེད་པའི་ནུས་པ་མེད་པར་འགྱུར་བར་འདོད་དེ། དེ་དག་གི་གཞུང་ལས།
འདི་སྐད་དུ།
གཞན་ཡང་དེ་དག་གི་རྟོག་བཅས་འདི་བདག་གམ་སྲོག་གི་རང་བཞིན་དང་། ལུས་ཡོངས་ལ་ཁྱབ་པར་སྨྲ་བས་སྲོག་འདི་གསལ་རིག་རང་བཞིན་གང་ཞིག རང་གཞན་གཉིས་ཀ་ལ་གསལ་བར་བྱེད་པར་སྨྲ།
དེ་དག་གིས་འདོད་པའི་སྲོག་གི་ཁྱད་ཆོས་ནི། སྲོག་འདི་ཤ་ཁྲག་འདུས་པའི་གོང་བུ་དེ་དག་ཐ་དད་དེ་འདི་ནི་རྟག་པ་དང་། དེ་དག་ནི་མི་རྟག་པ་ཡིན་པའི་ཕྱིར་རོ༎ དེ་མིན་པའི་སྲོག་གི་ཁྱད་ཆོས་ནི། ཤེས་པ་པོ་དང༌། བྱེད་པ་པོ། ལོངས་སུ་སྤྱོད་པ་པོ་ཡིན་པ་དང༌། དེ་བཞིན་དེ་ནི་མཐའ་བྲལ་ཀྱང་ཡིན་ནོ༎
ལྷག་པར་སྲོག་རང་ཉིད་ལ་གཟུགས་མི་མངའ་བཞིན་དུ། གཟུགས་དང་དུ་བླངས་པས་དེ་ལ་གཟུགས་ཅན་གྱི་དངོས་པོར་འདོད། དེས་ན་སྲོག་གི་རྣམ་པ་དེ་གསལ་རིག་གི་རང་བཞིན་ཡིན་པས། དེ་ཤ་ཁྲག་འདུས་པའི་གོང་བུར་གནས་སྡོད་བྱེད་ཀྱི་ཡོད། གཞུག་ས་གནས་ཀྱི་རྣམ་པ་གཞིར་བཟུང་ སྲོག་གི་རྣམ་པའང་དེ་མཚུངས་འཛིན་པར་བྱེད་པས། གཞུག་ས་འདྲ་མིན་གྱིས་རྐྱེན་པས་སྲོག་གམ་བདག་འདིའང་རྣམ་པ་གཞན་དང་གཞན་དུ་འཛིན་པར་བྱེད་ཀྱི་ཡོད་པ་སོང་ཙང༌། ལུགས་འདིའི་འདོད་པའི་བདག་འདི་ལ་རྒྱ་བསྐྱེད་བྱེད་རུང་བའི་བདག་ཉིད་ཅན་ཞིག་ཏུ་ཟད་ཀྱང། སྤྱིར་བཏང་བའི་དངོས་པོ་ལྟར་མིན་པར། མྱོང་བའི་(ཨནུབྷཱབ)ཚུལ་གྱིས་རྒྱ་བསྐྱེད་ཀྱི་ཡོད་པར་འདོད། དེ་བཞིན་དངོས་པོ་དག་ནི་རང་གི་ས་ན་གཞན་ཤོང་བར་མི་ནུས་ཀྱང་། སྲོག་རང་གི་ས་ན་སྲོག་གཞན་ཤོང་རུང་བའམ་འཇུག་ནུས་པར་འདོད་དོ༎
ལུགས་འདིས་སྲོག་ལ་འཆིང་བ་(བདྡྷ)དང་། གྲོལ་བའམ་ཐར་པ(མོཀྵ)གཉིས་སུ་ཕྱེས་པས། ཕྱི་མ་ནི་ཐར་པ་ཐོབ་པའི་གང་ཟག་གི་རྒྱུད་ལ་ཡོད་པའི་བདག་དེ་དང༌། སྔ་མ་ནི་དེ་ལས་ལྡོག་པའོ༎
འཆིང་བའི་བདག་ཉིད་ཅན་གྱི་སྲོག་དེ་ལའང་གཉིས་སུ་དབྱེ་སྟེ། རྒྱུ་བའི་རང་བཞིན་ཅན་གྱི་བདག་(ཏྲས)དང༌། མི་རྒྱུ་བའམ་བརྟན་པའི་བདག་(ས྄ཐཱབར)གོ། སྔ་མ་ནི་རྒྱུ་བའི་བདག་ཉིད་ནི། མུ་མཐུད་འཁོར་བར་འཁྱམ་མཁན་གྱི་འཁོར་བ་པ་རྣམས་ལ་ཡོད་པ་དེ་དང༌། ཕྱི་མ་ནི་མི་རྒྱུ་བའི་བདག་ཉིད་ཅན་ཏེ། ས་ཆུ་སོགས་ལ་གནས་པ་དེའོ༎ དེས་ན་ལུགས་འདི་ནི་སྲོག་གམ་བདག་དུ་མར་བཞེད་པའི་ལུགས་སུའང་གྱུར་རོ༎
དེ་བཞིན་དེ་དག་གིས་འདོད་པའི་བདག་འདི་ནི། ཚད་མ་དེ་ཁོ་ན་ཉིད་ལས།
རྒྱལ་དཔོག་པ་བཞིན་རྒྱལ་བ་པ༎
རྫས་དང་རྣམ་གྲངས་ངོ་བོ་ཡིས༎
ལྡོག་དང་རྗེས་འགྲོ་བདག་ཉིད་ཅན༎
ཚད་ཆེན་དཀའ་འགྲེལ་ལས། དེ་དག་ནི་ཇི་སྐད་དུ། བདག་ནི་སེམས་ཀྱི་མཚན་ཉིད་ཁོ་ན་ཡིན་ཏེ། དེ་ཡང་རྫས་ཀྱི་ངོ་བོས་གནས་སྐབས་ཅན་ཐ་མི་དད་པའི་ཕྱིར། རྗེས་སུ་འགྲོ་བའི་བདག་ཉིད་ཁོ་ན་ཡིན་ལ། རྣམ་གྲངས་པའི་ངོ་བོས་ནི་གནས་སྐབས་རེ་རེ་ལ་ཐ་དད་པའི་ཕྱིར་ལོག་པའི་བདག་ཉིད་ཡིན་པར་སྨྲའོ[71]༎ ཞེས་དང༌།
ཁྱད་པར་འཕགས་བསྟོད་ལས།
གཅེར་བུ་ལུས་ཀྱི་ཚད་བཞིན་དུ༎
སྲོག་ནི་ཞུམ་དང་རྒྱས་པར་སྨྲ[72]༎ ཞེས་སོགས་ལས་ཀྱང་རྟོགས་པར་གྱུར་རོ༎ མདོར་ན་བདག་འདི་རྫས་ངོ་བོའི་སྒོ་ནས་རྒྱུན་ཐ་དད་པར་མེད་པས་རྟག་པ་དང༌། རྣམ་གྲངས་ཀྱི་སྒོ་ནས་གནས་སྐབས་སོ་སོ་ཐ་དད་པས་མི་རྟག་པ་གང་ཞིག སྲོག་དང༌། འཚོ་བ། བདག སྐྱེས་བུ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་དོ༎
སྲོག་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པ་ནི།
དང་པོ། དངོས་པོ་གང་ཞིག་ཤེས་པ་ལ་དེའི་ཡོན་ཏན་ལ་ལྟོས་དགོས་པ་ལྟར། སྲོག་གམ་བདག་འདིའི་ཡོན་ཏན། བདེ་སྡུག་སོགས་མངོན་སུམ་དུ་མྱོང་རྒྱུ་ཡོད་པས། སྲོག་ཉིད་ཡོད་པར་གྲུབ་བོ༎
གཉིས་པ། ལུས་འདི་འདོད་པ་གཞིར་བཟུང་བཀོལ་ཆོག་པ་དེ་ལས། ལུས་འདི་ལ་བཀོལ་བ་པོ་ཞིག་ངེས་པར་དགོས་པས། དེ་ལྟ་བུའི་བཀོལ་བ་པོ་དེ་ནི་བདག་ཉིད་ཡིན་པའི་རྒྱུ་མཚན་གྱིས་ཀྱང་བདག་ཡོད་པར་གྲུབ་བོ༎
གསུམ་པ། མིག་སོགས་དབང་པོ་རྣམས་ནི་ཤེས་པའི་རྒྱུད་ལམ་ཡིན་པས། དེ་དག་ནི་རྒྱུད་ལམ་ཙམ་ལས་ཤེས་པར་བྱེད་མི་ནུས་པས། དེ་དག་རྒྱུད་ནས་ཤེས་པ་པོ་ཞིག་ངེས་པར་ཡོད་དགོས་པས་དེ་ནི་སྲོས་ཉིད་ཡིན་པས་ན་སྲོག་ཡོད་པར་གྲུབ་བོ༎
བཞི་པ། དངོས་ཀུན་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བ་སྨྲོས་མེད་ཡིན་རུང༌། སྤྱིར་དངོས་ཀུན་གྱི་རྒྱུ་རྐྱེན་ནི། རྡུལ་ཕྲན་འདུས་པ་ཙམ་གྱིས་མི་ཚད་པར་དེ་དག་ལ་དབྱིབས་དང་རྣམ་པ་སྦྱིན་མཁན་གྱི་ངེས་པའི་རྐྱེན་(ནིམིཏྟ་ཀཱརན)ཞིག་ཡོད་པ་དེ་ནི་སྲོག་ཉིད་ཡིན་པའི་ཕྱིར་ན། དེ་ཡོད་པར་གྲུབ་བོ་ཞེས་རིགས་པ་དེ་དག་གིས་ལམ་ནས་སྲོག་གམ་བདག་འདི་ཡོད་པར་སྒྲུབ་པར་བྱེད་དོ༎
རྣལ་འབྱོར།(ཡོག)
བྱུང་བ།
ལུགས་འདིའི་ཤིང་རྟའི་སྲོལ་འབྱེད་ནི་དྲང་སྲོང་(པཏཾཇལི)ཡིན་པས། སྐབས་རེ་ལུགས་འདི་ལ་(པཏཾཇལ)ལྟ་གྲུབ་ཞེས་ཀྱང་བྱ། ལུགས་འདིས་ཐར་པ་ཐོབ་པ་ལ་རྣམ་འབྱེད་ཀྱི་ཤེས་རབ་ལས་གལ་ཆེ་བ་མེད་པ་དེ་འདྲ་མིན་པར། ཇི་ཙམ་གྱི་རྣམ་འབྱེད་ཀྱི་ཤེས་རབ་དེ་གལ་ཆེ་བ་དེ་ཙམ་གྱི་ལུས་དེའང་གལ་ཆེ་བར་འདོད་དོ༎ ལུགས་འདི་རྣལ་འབྱོར་(ཡོག)སྦྱོང་གོམས་བྱེད་དགོས་པ་ཤུགས་ཆེར་སྨྲ་བ། དེ་ནི་ལུགས་འདིའི་ཁྱད་ཆོས་ཤིག་ཡིན།
དེ་བཞིན་གྲངས་ཅན་པས་འདོད་པའི། ཤེས་བྱ་ཉེར་ལྔ་ཆ་ཚང་ལུགས་འདིས་ཁས་ལེན་པ་གང་ཞིག་ལུགས་འདིས་དེ་དག་གི་སྟེང་དུ་དབང་ཕྱུག་(ཨིཤྦར)སྦྱོར་བར་བྱེད་པས། གྲངས་ཅན་པ་དང་མི་འདྲ་བར་གྱུར་བ་དང་ལྷན་དུ་དབང་ཕྱུག་སྨྲ་བའི་ལུགས་ཤིག་ཡིན་པའང་ཤུགས་ཀྱིས་གྲུབ།
ལུགས་འདིའི་གཞུང་གཙོ་བ་ནི། དྲང་སྲོང་པཏཾཇལིས་མཛད་པའི་རྣལ་འབྱོར་པའི་མདོ་(ཡོག་སུཏྲ)ཞེས་པ་དེ་ལགས་པ་དང༌། དེ་ལ་དྲང་སྲོང་རྒྱས་པས་འགྲེལ་པ་ཞིག་བྲིས་ཡོད་པ་དེ་ལ་ཡོགམཱལྱ་ཞེས་གྲགས་སོ༎
སྤྱིར་ལུགས་འདི་གྲངས་ཅན་པ་དང་ཆེས་ཉེ་བའི་ལུགས་ཤིག་ཡིན་ཏེ། དེ་གཉིས་དབར་ལྟ་བ་ཁས་ལེན་ཚུལ་ཐད་གནས་སྐབས་རེ་ཟུང་མ་གཏོགས་ཕལ་ཆེ་བ་མཐུན་པར་གྲགས། མཐུན་ཚུལ་གྱི་རྣམ་བཞག་མདོ་ཙམ་བརྗོད་ན་བསྒྲུབ་བྱ་མཐར་ཐུག་ཐར་པ་ཡིན་པ་དང༌། འཁོར་བ་སྡུག་བསྔལ་གསུམ་གྱི་བདག་ཉིད་ཡིན་པ། འཁོར་བར་འཆིང་བྱེད་ཀྱི་རྒྱུ་མ་རིག་པ་ཡིན་པ། དེ་ལས་གྲོལ་ཏེ་ཐར་པ་ཐོབ་པའི་སླད་དུ་ཤེས་བྱ་ཉེར་ལྔ་རྣམ་བཞག་འཆད་པ། དངོས་པོའི་གནས་ལུགས་ཡང་དག་ཤེས་ན་ཐར་པ་ཐོབ་ངེས་པ་སོགས་རྣལ་འབྱོར་སྨྲ་བས་གྲངས་ཅན་པ་བཞིན་ཁས་ལེན་ནོ༎
དེ་གཉིས་དབར་གྱི་ཁྱད་པར་ནི། གྲངས་ཅན་པ་ཐར་པ་ཐོབ་པ་ལ་གཙོ་བོ་རྣམ་འབྱེད་ཀྱི་ཤེས་རབ་དགོས་པར་སྨྲ་བ་དང༌། ལུགས་འདིའི་དེའི་སྟེང་དུ་རྣལ་འབྱོར་ཡང་ཤུགས་ཆེར་སྒོམ་དགོས་པར་བཤད་པ་དང༌། གྲངས་ཅན་པའི་ཤེས་བྱ་ཉེར་ལྔའི་སྟེང་དུ་ལུགས་འདིས་དབང་ཕྱུག་(ཨིཤྦར)བསྣན་ཏེ་26སྨྲ་བར་བྱེད་པས་ཁྱད་པར་དུ་གྱུར་རོ༎
ལུགས་འདི་དུས་རབས་འདི་རྒྱ་དཔེ་དག་ན་གསལ་ཁ་མ་མཐོང་རུང་རང་ཉིད་ཀྱི་བསམ་ཚོད་བྱས་ན། གོང་དུ་བཤད་པའི་དུས་རབས་གསུམ་གྱི་ནང་ནས་ཐ་མ་ལྟ་བའི་དུས་རབས་ལ་གཉིས་སུ་ཕྱེས་པའི་མདོ་དུས་ཀྱི་མཇུག་དང་འགྲེལ་དུས་ཀྱི་ཐོད་ཙམ་ལ་བྱུང་བ་མིན་ནམ་སྙམ། གང་ལགས་ན་ལུགས་འདི་གཙོ་བོ་གྲངས་ཅན་པའི་ལུགས་ཀྱི་རྗེས་སུ་འབྲངས་བས། ལྟ་བའི་དུས་རབས་ཀྱི་ཐོད་ལ་བྱུང་བར་སྨྲ་བར་དཀའ་ནའང་མཇུག་ཙམ་ལ་འཆད་ན་ལྟ་བའི་རིམ་པ་ལ་ལྟོས་ཏེ་འོས་ཤིང་འཚམས་པར་མཐོང༌། འོན་ཀྱང་ད་དུང་བློ་ལྡན་སྐྱེས་བུ་རྣམས་ནས་དགོས་གལ་གཟིགས་ཚེ་དཔྱད་པར་འཚལ་ཞེས། དེ་ཙམ་གྱིས་ལུགས་འདིའི་བྱུང་བ་བརྗོད་པ་འཐུས་པར་བྱེད་དོ༎
བདག་གི་འདོད་ཚུལ།
ལུགས་འདི་ནི་དབང་ཕྱུག་(ཨཱིཤ྄བར)སྨྲ་བའིལུགས་ཤིག་ཡིན་པས། དེ་དག་གིས་འདོད་པའི་དབང་ཕྱུག་འདི་སྐྱེས་བུ་ཁྱད་པར་ཅན་གང་ཞིག་སྡུག་བསྔལ་དང༌། རྣམ་སྨིན་(བིཔཱག)གསུམ་དང་བྲལ་བ། དེ་བཞིན་དེའི་རང་བཞིན་ནི་ཡོངས་སུ་རྫོགས་པ་དང་མཐའ་མེད་པ། དེའི་ནུས་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པ་དང༌། དེ་ལྟ་བུའི་དབང་ཕྱུག་འདི་ནི་རྟག་པ་དང༌། ཐོག་མཐའ་མེད་པ། སྤྱི་ལ་ཁྱབ་པ། མཐུ་ནུས་ཡོངས་སུ་རྫོགས་པ་(སརྦཤཀྟིམཱན)། ཐམས་ཅད་ཤེས་པ། ཡོན་ཏན་གསུམ་ལས་འདས་པ་དང༌། དེ་བཞིན་སྐྱེས་བུ་ལས་ཀྱང་དབང་ཕྱུག་དེ་ཐ་དད་པར་འདོད་དེ། སྐྱེས་བུ་ནི་ཉོན་མོངས་དང་ལྡན་པ་གང་ཞིག་ལས་ཀྱི་རྣམ་བཞག་དང་བཅས་པ་ཡིན་ལ། དབང་ཕྱུག་ནི་དེ་ལས་ལྡོག་པར་འདོད་དོ༎
ཐར་པའི་གནས་སྐབས་ཀྱི་བདག་དེའང་དབང་ཕྱུག་དང་ཐ་དད་དེ། ཐར་བའི་གནས་སྐབས་ཀྱི་བདག་འདི་སྔར་འཆིང་བ་དང་བཅས་ཀྱང་ཕྱིས་སུ་འཆིང་བ་ལས་གྲོལ་བའི་བདག་ཉིད་གྱུར་ཀྱང། དབང་ཕྱུག་ནི་གདོད་ནས་རྟག་པ་དང༌། གྲོལ་བ། དུ་མའི་རང་བཞིན་དང་བྲལ་བ་གཅིག་པོ་ཉིད་དུ་ཁས་བླངས་སོ༎
འོན་ཀྱང་ལུགས་འདིས་དབང་ཕྱུག་ནི། འཇིག་རྟེན་བྱེད་པོ་དང་། སྐྱོང་བ་པོ། མཐར་འཇིག་པ་པོ་དེ་འདྲ་ཁས་མི་ལེན། འོ་ན་འཇིག་རྟེན་འདི་ཇི་ལྟར་གྲུབ་ཅེ་ན། འདི་ན་སྐྱེས་བུ་དང་རང་བཞིན་ཚོགས་པ་ལས་འབྱུང་བ་གང་ཞིག དབང་ཕྱུག་གིས་དེ་དག་གྲུབ་པ་ལ་རོགས་ཙམ་ཞིག་བྱེད་པར་འདོད། འོ་ན་རོགས་ཇི་འདྲ་ཞིག་བྱེད་དམ་ཅེ་ན། སྐྱེས་བུ་དང་རང་བཞིན་གཉིས་སོ་སོ་བའི་ཆོས་ལགས་པས་དེ་གཉིས་དབར་མཚམས་སྦྱོར་བའི་བྱ་བ་འདི་དབང་ཕྱུག་གིས་བྱེད་པས་རོགས་བྱེད་པའོ༎
ལུགས་འདིས་དབང་ཕྱུག་འདི་སྙིང་རྗེའི་བདག་ཉིད་ཅན་དང་། མངོན་པར་མཁྱེན་པ།(ཨནྟརྱཱམཱི) བྱེད་པ་པོ།(པྲཎེཏཱ) ཕུན་སུམ་ཚོགས་པ་(ཨེཤབརྱ)བཅས་ཀྱི་བདག་པོ་ཡིན་པ་བཅས་འདོད་དོ༎
དབང་ཕྱུག་ཡོད་པའི་སྒྲུབ་བྱེད་ཀྱི་རིགས་པ་ནི།
རིག་བྱེད་ནི་ཚད་ལྡན་གྱི་གཞུང་ལགས་པས། དེའི་ནང་ཅི་གསུངས་ཐ་དག་བདེན་པ་རྣམ་པར་དག་པ་ཡིན་པར་བརྟེན། དེའི་ནང་དབང་ཕྱུག་ཡོད་པར་གསུངས་པ་དང༌། དེ་བཞིན་(ཨུཔནིཥད྄)དང༌། གཞུང་གཞན་དག་གི་ནང་ནའང་། དབང་ཕྱུག་གི་རང་བཞིན་ཁས་བླངས་པའི་རྒྱུ་མཚན་དག་ལ་བརྟེན་ཏེ། དེ་ལྟ་བུའི་དབང་ཕྱུག་ཅིག་ཡོད་པ་རང་བཞིན་གྱིས་གྲུབ་པའི་ཕྱིར། ཞེས་སོགས་སྒྲུབ་བྱེད་རིགས་ཁ་ཤས་ཀྱི་ལམ་ནས་དེ་དག་གིས་འདོད་པའི་དབང་ཕྱུག་དེ་ཡོད་པར་ཁས་བླངས་སོ༎
ཨདྦཻཏ་བེདཱནྟ།
བྱུང་བ།
ལུགས་འདིའི་ཤིང་རྟའི་སྲོལ་བྱེད་ནི་སློབ་དཔོན་ཤཾཀར་བྱ་བ་དེ་ཡིན། དེ་ནི་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་ཞིག་བྱུང་བར་གྲགས། དེའི་དུས་རབས་ནི་སློབ་དཔོན་བལདེབ་ཨུཔཱདྱཱཡ་ཡི་འདོད་པ་ལྟར་ཕྱི་ལོ་788ལ་འཁྲུངས་པ་དང༌། ཕྱི་ལོ་820ལོར་འདས་པར་[73]བཞེད།
མདོར་ན་དགུང་ལོ་སོ་གཉིས་ལས་བཞུགས་མེད་ཀྱང༌། དེས་རིག་བྱེད་མཁས་པར་སྦྱངས་ཏེ། ཚངས་པའི་མདོ་ལ་འགྲེལ་པ་བྲིས་པ་སོགས་གཙོས་པའི་ལྟ་གྲུབ་བསྟན་པའི་གཞུང་མང་པོ་བྱས་པ་དང༌། ལྷག་པར་ལུགས་འདིའི་རྨང་རྡོ་ཡང་བཙུགས་པར་མཛད་དོ༎
རྒྱ་གར་ནང་ཕྱི་རོལ་པའི་གྲུབ་མཐའ་ཇི་ཙམ་བྱུང་བ། དེ་ཐམས་ཅད་ཀྱི་ནང་ནས་རིག་བྱེད་མཐའ་པའི་གྲུབ་མཐའ་དེ་གཙོ་བོ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། རིག་བྱེད་མཐའ་པའི་ལྟ་གྲུབ་ཀྱི་རྟེན་གཞི་ནི་ཨུཔནིཤད྄་ཡིན། སྔ་མོ་རིག་བྱེད་མཐའ་པ་ཞེས་པའི་ཐ་སྙད་འདི་ཨུཔནིཤད྄་ལ་འཇུག རྒྱུ་མཚན་ནི་ཨུཔནིཤད྄་འདི་རིག་བྱེད་ཀྱི་དུམ་བུ་ཐ་མ་དེ་ཡིན་པའི་ཕྱིར་རོ༎
འོན་ཀྱང་ཕྱིས་ཨུཔནིཤད྄་ལས་རྒྱས་པའི་ལྟ་གྲུབ་ཐ་དག་ལ་རིག་བྱེད་མཐའ་པ་ཞེས་སྤྱི་མིང་དུ་འཇུག་པར་འགྱུར་བར་གྲགས། རིག་བྱེད་མཐའ་པ་སྨྲ་བའི་གྲུབ་མཐའ་དག་གི་ལྟ་གྲུབ་ཀྱི་རྟེན་གཞི་སློབ་དཔོན་བཱདརཱཡཎ་གིས་བརྩམས་པའི་ཚངས་པའི་མདོ་(བྲཧྨསཱུཏྲ)ཞེས་པ་འདི་ཡིན། མདོ་ནི་ཨུཔནིཤད྄་དག་གི་འདོད་དོན་དག་ཡང་དག་པར་རྟོགས་པའི་སླད་དུ་བརྩམས་པ་ཡིན་ནའང༌། མདོ་འདི་ཅུང་ཟད་སྡུས་ཆེ་བས་གོ་དཀའ་བར་རྟེན། དེའི་ངལ་བ་སེལ་བའི་སླད་དུ་འགྲེལ་པ་བྱེད་པོ་ཡང་གང་འཚམ་བྱུང༌བ་དེས་རིག་བྱེད་མཐའ་པའི་ལྟ་གྲུབ་ཀྱང་རྒྱ་བསྐྱེད་ཕྱིན་པ་ཡིན། དེའི་ནང་ནས་གཅིག་ད་ལྟ་ལུགས་འདི་ཡིན།
གྲུབ་མཐའ་འདི་བྱུང་བའི་དུས་ཚིགས་ནི་གོང་གི་གསུམ་ནས་ཐ་མ་སྟེ་ལྟ་བའི་དུས་རབས་ནང་ནས་ཕྱི་མ་འགྲེལ་པའི་དུས་རབས་ནང་བྱུང་བ་ཞིག་ཡིན༎
བདག་གི་འདོད་ཚུལ།
ལུགས་འདིས་བདག་ལ་ཚངས་པ་ཞེས་སྨྲ་བ་དང༌། བདག་དང་ཚངས་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པ་གང་ཞིག དེ་ནི་བདེན་པར་གྲུབ་པའི་གཅིག་པུ་ཡིན་པར་འདོད་དོ༎
དེ་ལྟ་བུའི་བདག་འདི་ནི་དངོས་པོ་གཞན་དག་བཞིན་རང་ཉིད་གྲུབ་པ་ལ་གཞན་ལ་ལྟོས་དགོས་པ་དེ་འདྲ་མིན་པར། གཞན་ལ་མ་བརྟེན་པར་རང་ངོས་ནས་རང་བཞིན་གྱིས་གྲུབ་པའོ༎ དེ་ནི་འགྲོ་བ་ལ་ཀུན་ཏུ་ཁྱབ་པའི་ཤེས་རིག་གི་བདག་ཉིད་ཅན་ཡིན་ཏེ། ལངས་པའི་གནས་སྐབས་དང་རྨི་ལམ་དང་བཅས་པའི་ཉལ་བའི་གནས་སྐབས། རྨི་ལམ་དང་བྲལ་བའི་གཉིད་ལྕི་བའི་གནས་སྐབས་དང་བཅས་པ་ཀུན་ལ། ཤེས་རིག་ཕྲ་རགས་ལ་མ་ལྟོས་པར་གང་རུང་ཞིག་ཡོད་པར་མཉམ་པ་མངོན་སུམ་གྱིས་གྲུབ། དེའི་ཕྱིར་ཤེས་རིག་འདི་བརྟན་པར་གནས་པའི་བདག་ཉིད་ཅན་ཡིན་པ་གང་ཞིག དེ་བདག་གི་ཡོན་ཏན་དུ་མི་འདོད་པར་རང་བཞིན་དུ་འདོད་དོ༎ ལུགས་འདིས་སྐབས་འདིར་འབད་སྤྱད་པའི་ཤེས་རིག་འདི་སྤྱི་ཙམ་ཞིག་མིན་པར་རྣམ་པར་དག་པའི་ཤེས་རིག་ཉིད་ལ་གོ་བར་སྨྲ།
བདག་འདི་ཤེས་རིག་གི་བདག་ཉིད་ཡིན་བཞིན་དུ་བདེ་བ་ཡང་ཡིན། འོན་ཀྱང་སྤྱིར་བཏང་བའི་དངོས་པོ་ཚོ་ལ་ཡོད་པའི་བདེ་བ་དེ་མིན་ཏེ་དེ་དག་ནི་སྐད་ཅིག་མ་ཡིན་པའི་ཕྱིར། བདག་གི་བདེ་བ་ནི་རྣམ་པར་དག་པ་དང་འགྱུར་བ་མེད་པའོ༎
དེས་ན་ལུགས་འདིས་འདོད་པའི་བདག་ནི། བདེན་པ་(སཏ྄)དང༌། ཤེས་རིག(ཅིཏ྄) བདེ་བ་(ཨནནྡ)བཅས་ཀྱི་བདག་ཉིད་ཅན་ཡིན་པས། བདག་གམ་ཚངས་པ་འདི་ལ་(སཅ྄ཅིདཱནནྡ)ཞེས་ཀྱང་བྱའོ༎
དེར་བརྟེན་ལུགས་འདིས་འདོད་པའི་བདག་འདི་གཞན་དང་ཐ་དད་དུ་གྱུར་ཚུལ་ནི། བྱེ་བྲག་པས་བདག་གི་རང་བཞིན་བདེན་པར་ཡོད་པ་(སཏ྄)ཙམ་དུ་སྨྲ་བ་དང༌། རིགས་པ་ཅན་པས་བདག་གི་ཡོད་ཚུལ་ནི་ཤེས་རིག་དང་བྲལ་བ། གྲངས་ཅན་པས་བདེན་པར་ཡོད་པ་(སཏ྄)གང་ཞིག་ཤེས་རིག་(ཅིཏ྄)བདག་ཉིད་ཅན་དུ་འདོད་པས་ལུགས་འདི་དང་ཁྱད་པར་དུ་གྱུར་རོ༎
ལུགས་འདིས་བདག་འདི་རྟག་པ་དང་། རྣམ་པར་དག་པ།(ཤུདྡྷ) རྣམ་པའམ་དབྱིབས་དང་བྲལ་བའི་(ནིརཱཀཱར)གཅིག་པུར་འདོད་དོ༎ དེ་བཞིན་བདག་འདི་ལོངས་སུ་སྤྱོད་པ་པོ་དང༌། བྱེད་པ་པོ་མིན་ཀྱང༌། སྐྱེས་དངོས་དག་ཚོགས་པ་ལ་གྲོགས་བྱེད་པའི་རྐྱེན་གྱིས་བྱེད་པོ་དང་ལོངས་སུ་སྤྱོད་པ་ལྟར་སྣང་བའོ༎
བདག་འདི་རྣམ་པར་དག་པའི་ཤེས་རིག་བདག་ཉིད་ཅན་ཡིན་པར་བརྟེན་རང་གཞན་གཉིས་ཀ་ལ་གསལ་ཞིང་རིག་པའི་བྱ་བའང་བྱེད་དོ༎ བདག་དེ་ལ་དགེ་སྡིག་གི་རྣམ་སྨིན་མེད་ལ་བདེ་སྡུག་མྱོང་བི་ཚོར་བའང་མེད་པས་ལུགས་འདིས་བདག་ལ་བྱ་བྲལ་དུ་འདོད་པ་དང༌། དེ་བཞིན་བདག་དེ་ཤེས་པོ་དང༌། ཤེས་བྱ། ཤེས་པ་བཅས་ལས་ཐ་དད་ཀྱང་རྟེན་དུ་ནི་འདོད་དོ༎ དེ་ལྟ་བུའི་བདག་འདི་ཤེས་བྱའི་ཆོས་ཡོངས་ཀྱི་རྟེན་གྱི་རང་བཞིན་ཡིན་པ་དང༌། དུས་ཀྱི་རྒྱ་ལས་འདས་པ། ཆ་ཕྱེ་རྒྱུ་མེད་པ། (ཨབཡབ)གིས་སྟོང་པའི་བདག་ཉིད་ཅན་དུ་བཞེད་དོ༎
དེ་ལྟར་རེ་ཞིག་ཕྱི་རོལ་པའི་གྲུབ་མཐའ་རེ་འགའི་བདག་གི་འདོད་ཚུལ་རྣམས། བརྗེད་བྱང་གི་ཚུལ་དུ་འཆལ་པོ་བདེ་ཆེན་རྡོ་རྗེ་ནས། ཕྱི་ལོ་2010ཟླ་བ་4ཚེས་24ཉིན་བཀོད་དེ་རྫོགས་པར་གྱིས་པའོ།།
[1] འཇུ་མི་ཕམ། དབུ་མ་རྒྱན་གྱི་རྣམ་བཤད། ཝཱ་ཎ་མཐོ་སློབ་ཀྱི་སྙིང་མའི་བདེ་དོན་ལྷན་ཚོགས་ནས་ཕྱི་ལོ་ 1999 ལོར་དཔར་དུ་བསྐྲུན་པ། ཤོག 184
[11] ཐུའུ་ཀན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་གཤེལ་གྱི་མེ་ལོང༌། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང༌།25 ཨིདྲཔྲསྠཱ་དཔེ་སྐྲུན་ཁང༌།2007 ཤོག6
[17] ལྕང་སྐྱ་རོལ་པའི་རྡོ་རྗེ། གྲུབ་མཐའ་ལྷུན་པོའི་མཛེས་རྒྱན། ཝཱཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང༌། སུརབྷི་དཔེ་སྐྲུན་ཁང༌།2002 ཤོག 18
[18] འཇུ་མི་ཕམ། ཡིད་བཞིན་མཛོད་གྲུབ་བསྡུས། ཝཱཎ་མཐོ་སྔ་འགྱུར་རྙིང་མའི་བདེ་དོན་ལྷན་ཁང༌། དཀོན་མཆོག་ལྷ་བྲིས་རལ་པ་དཔེ་སྐྲུན་ཁང༌།1998
ཤོག 63
[19] སྟག་ཚང་ལོཙཱབ་ཤེས་རབ་རིན་ཆེན། གྲུབ་མཐའ་ཀུན་ཤེས། ཝཱཎ་མཐོ་སློབ་ས་སྐྱའི་སློ་བགཉེན་ལྷན་ཚོགས། སཏྟནམ་དཔེ་སྐྲུན་ཁང༌།2001 ཤོག 40
དབུ་མ་སྤྱན་རས་གཟིགས་བརྟུལ་ཉིད་ངོས་འཛིན་མ་ཐུབ་པས་འདིར་སྟག་ཚང་གསུང་ལས་གསལ་བས་འདིར་དྲངས་པའོ༎
[23] འཇུ་མི་ཕམ། དབུ་མ་རྒྱན་གྱི་རྣམ་བཤད། ཝཱཎ་སྔ་འགྱུར་རྙིང་མའི་བདེ་དོན་ལྷན་ཁང༌། དཀོན་མཆོག་ལྷ་བྲིས་རལ་པ་དཔེ་སྐྲུན་ཁང༌།1993 ཤོག 19
[27] རིག་བྱེད་ཐོག་མ་དབུ་བརྙེས་པའི་སྐབས་གཙོ་བོ་ཐོས་པ་ལ་བརྟེན་བསམ་བསྒོམ་བྱེད་རྒྱུ་ལས། འབྲི་ཀློག་སོགས་བྱེད་རྒྱུ་ནི་སྐབས་དེར་དར་མེད་པས་དུས་རབས་དེ་ལ་ཐོས་པའི་{ཤྲུཏི་མཱུལཀ}དུས་རབས་ཞེས་བརྗོད་དོ༎
[32] ཧིན་དྷིའི་ནང་ཅཻཏྣྱཱ་ཞེས་གསལ་བས་འདིར་འདིའི་སྐད་དོད་དུ་ཤེས་རིག་ཅེས་པ་འདི་ཉིད་འཇོག་ན་འོས་ཤིང་འཚམ་པར་མཐོང་བས་འདི་ལྟར་བཞག་པའོ༎
[33] འཇུ་མི་ཕམ། དབུ་མ་རྒྱན་གྱི་རྣམ་བཤད། ཝཱ་ཎ་མཐོ་སློབ་ཀྱི་སྙིང་མའི་བདེ་དོན་ལྷན་ཚོགས་ནས་ཕྱི་ལོ་ 1999 ལོར་དཔར་དུ་བསྐྲུན་པ། ཤོག 184
[34] ལྕང་སྐྱ་རོལ་པའི་རྡོ་རྗེ། གྲུབ་མཐའ་ལྷུན་པོའི་མཛེས་རྒྱན། ཝཱ་ཎ་མཐོ་སློབ་ཀྱི་དགེ་ལྡན་དགེ་སློབ་སྤྱི་ལས་ཁང་ནས་ཕྱི་ལོ་ 2002 ལོར་དཔར་དུ་བསྐྲུན་པ། ཤོག 37
[37] འཇུ་མི་ཕམ། ཡིད་བཞིན་མཛོད་གྲུབ་བསྡུས། ཝཱཎ་མཐོ་སྔ་འགྱུར་རྙིང་མའི་བདེ་དོན་ལྷན་ཁང༌། དཀོན་མཆོག་ལྷ་བྲིས་རལ་པ་དཔེ་སྐྲུན་ཁང༌།1998
ཤོག 53
[38] འཇུ་མི་ཕམ། ཡིད་བཞིན་མཛོད་གྲུབ་བསྡུས། ཝཱཎ་མཐོ་སྔ་འགྱུར་རྙིང་མའི་བདེ་དོན་ལྷན་ཁང༌། དཀོན་མཆོག་ལྷ་བྲིས་རལ་པ་དཔེ་སྐྲུན་ཁང༌།1998
ཤོག 54
[41] ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་ཤེལ་གྱི་མེ་ལོང༌། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་ནས་དཔར་སྐྲུན་ཞུས། 2007 ཤོག 12
[44] འདིར་ཏརྐ་ཤཱསྟྲ་ཞེས་པའི་སྐབས་ཀྱི་ཤཱསྟྲ་འདི་སྐབས་འདིར་བསྟནབཅོས་ལ་མིན་པར་རྣམ་བཞག་ལ་གོ་བ་ལེན་དགོས་འདུག་པས་འདིར་རྣམ་བཞག་ཅེས་བཞག་པའོ༎
[45] འདིར་པྲམཱཎ་ཤཱསྟྲ་ཞེས་པའི་སྐབས་ཀྱི་ཤཱསྟྲ་འདིའང་གོང་བཞིན་སྐབས་འདིར་རྣམ་བཞག་ལ་གོ་དགོས་པས་འདིར་རྣམ་བཞག་ཅེས་བཞག་པའོ༎
[46] འདིར་ཏཏྦ་ཤཱསྟྲ་ཞེས་པའི་སྐབས་ཀྱི་ཤཱསྟྲ་འདིའང་གོང་བཞིན་སྐབས་འདིར་རྣམ་བཞག་ལ་གོ་དགོས་པས་འདིར་རྣམ་བཞག་ཅེས་བཞག་པའོ༎
[48] ཇ྄ཉཱན་ཞེས་པ་ཡེ་ཤེས་ལ་བཞག་པ་དེ་འདྲ་མཐོང་ཡང་འདིར་གོ་ཚུལ་ལ་ལྟོས་ཏེ་ཤེས་པ་ཉིད་འོས་པ་མཐོང་དེ་བཞག་པའོ༎
[51] ཟླ་བ་གྲགས་པ། བཞི་བརྒྱ་པའི་རྒྱ་ཆེར་འག྄ེལ།། སྡེ་དགེ བསྟན། དབུ་མ། ཡ། 3865 ཤོག་གྲངས་དང་ཚིག་ཟིན་ངོས་མཟིན།
[52] རྡོ་བུམ་སྤྲུལ་སྐུ། སམ་བྷོ་ཊའི་དཔེ་ཕྲེང་14 ལྡི་ལི་བོད་ཀྱི་ཁང་པ་ནས་པར་དུ་བསྐྲུན་པའི་རྒྱལ་བའི་ཆོས་ཚུལ། ཤོག 38
[62] ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་གཤེལ་གྱི་མེ་ལོང༌། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང༌།25 ཨིདྲཔྲསྠཱ་དཔེ་སྐྲུན་ཁང༌།2007 ཤོག8
[68] སྟག་ཚང་ལོཙཱབ་ཤེས་རབ་རིན་ཆེན། གྲུབ་མཐའ་ཀུན་ཤེས། ཝཱཎ་མཐོ་སློབ་ས་སྐྱའི་སློ་བགཉེན་ལྷན་ཚོགས། སཏྟནམ་དཔེ་སྐྲུན་ཁང༌།2001 ཤོག 64
No comments:
Post a Comment