Thursday, October 30, 2014

༄༅།།སྔ་འགྱུར་རྙིང་མའི་ལྟ་གྲུབ་ཀྱི་རྣམ་བཞག་བརྗོད་པ་སྔོན་བྱོན་མཁས་པའི་གསུང་བཏུས།

གླེང་གཞི།

འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་གྱི་ཁམས་དང་མོས་པར་འཚམས་པའི་གྲུབ་མཐའ་དུ་མ་ཞིག་ཡོད་ནའང་འདིར་ནི་མཉམ་མེད་ཐུབ་པའི་དབང་པོའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཐོག་མར་རྒྱ་གར་འཕགས་པའི་ཡུལ་དང་ཡང་སྒོས་གངས་ཅན་ལྗོངས་སུ་ཇི་ལྟར་དར་ཚུལ་དང་བསྟན་པ་དེའི་རྗེས་སུ་ཞུགས་པའི་གྲུབ་མཐའ་ཁག་གི་གཞི་ལམ་འབྲས་གསུམ་མདོར་ཙམ་ཞིག་གླེང་གཞིའི་ཚུལ་དུ་ཞུ་བ་ལ།
དང་པོ།

སྟོན་པ་ཐུགས་རྗེ་ཆེན་པོ་དེ་ཉིད་འཇིག་རྟེན་དུ་བྱོན་ནས་མངོན་པར་རྫོགས་པར་སངས་རྒྱས་ཚུལ་གྱི་ཐད་ཐེག་པ་ཆེ་ཆུང་དབར་བཞེད་པ་མི་མཐུན་པ་ཡོད་དེ། དང་པོ་ཐེག་པ་ཆུང་ངུ་དག་གིས། འདུལ་བ་ལུང་ལས།
བདེར་གཤེགས་ཁྱེད་ཀྱི་སྐུ་ནི་ཅི་འདྲ་དང༌།།
འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌།།
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཇི་འདྲ་བ།།
དེ་ལྟར་བདག་གིས་མྱུར་དུ་འགྲུབ་པར་ཤོག། ཅེས་གསུངས་པས། སྟོན་པ་འདི་ཉིད་བསྐལ་པ་གྲངས་མེད་གསུམ་གྱི་སྔ་རོལ་ནས་སེམས་བསྐྱེད་པར་འདོད་དེ། བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང༌། མཐར་མཛད་པ་བཅུ་གཉིས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་ཚངས་རྒྱ་བར་འདོད་དོ།།
གཉིས་པ། ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལུགས་ནི། མདོ་སྡེ་ལང་ཀར་གཤེགས་པ་ལས།
འདོད་པའི་ཁམས་དང་གཟུགས་མེད་དུ།།
སངས་རྒྱས་མངོན་པར་སངས་མི་རྒྱ།།
གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ།།
འདོད་ཆགས་བྲལ་ཁྱེད་དེར་སངས་རྒྱས་རྒྱ།། ཞེས་གསུངས་པ་ལྟར་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བར་དུ་ཚོགས་གཉིས་རྫོགས་པར་མཛད། མཐར་འོག་མིན་ལྟུག་པོ་བཀོད་པའི་ཞིང་དུ་སངས་རྒྱས་པའི་རྗེས་གཙང་མའི་གནས་སུ་སངས་རྒྱས་པའི་ཚུལ་བསྟན། དེ་ནས་མི་རིང་བ་ན་རྡོ་རྗེ་གདན་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ཅིང་སངས་རྒྱས་པའི་ཚུལ་བསྟན་པར་བཞེད་དོ།།
དེ་ལྟ་བུའི་སྐྱེས་བུ་ཆེན་པོ་དེ་ཉིད་འདིར་བྱོན་ནས། འཁོར་ཕུན་སུམ་ཚོགས་པ། དང་པོ་ཉིད་ལས་མི་ཞན་པ་སྟེ། ས་བཅུ་རྒྱུན་མཐའ་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་དང༌། གཉིས་པ་ལྷན་ཅིག་པའི་འཁོར་ཏེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། གསུམ་པ་གོ་ཕྱེ་བའི་འཁོར་ཏེ། གང་ཉིད་དགོངས་པ་མྱ་ངན་ལས་འདས་པའི་རྗེས་སུ་གང་གི་བསྟན་པ་ལ་ཞུགས་ཏེ། བཀའ་ཡི་དགོངས་དོན་ཇི་བཞིན་དུ་ལེན་མཁན་གྱི་འཁོར་གསུམ་པོ་དེ་རྣམས་ལ།
ཇི་སྐད་དུ། སངས་རྒྱས་བྱོན་དང་དེས་ཆོས་གསུངས།། ཞེས་པ་ལྟར། མགོན་པོ་གང་ཉིད་བྱོན་ནའང་ཆེད་དུ་བྱ་བའི་འཁོར་རྣམས་ལ་གསུང་གི་བདུད་རྩི་མ་བསྩལ་ན་ནི་གང་ཡང་མི་ཕན་པས། གང་ནས་འཁོར་བའི་རྩ་བ་ཉོན་མོངས་དུག་གསུམ་མ་ལུས་པ་འཇོམས་པའི་སླད་དུ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས་རིམ་པ་བཞིན་རྒྱ་གར་འཕགས་པའི་ཡུལ་དུ་རྒྱུ་མཚན་ཉིད་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་དར་བར་བཞེད། དེ་ལས་དང་པོ་རྒྱུ་མཚན་ཉིད་ཐེག་པའི་དར་ཚུལ་ནི། གང་ནས་ཆོས་ཕུང་དེ་དག་འཁོར་ལོ་རིམ་པ་གསུམ་དུ་བསྡུས་ནས་གསུངས་པའི་བཀའ་དམ་པ་གསེར་གྱི་ཡང་ཞུན་དེ་དག་གི་དགོངས་དོན་མི་ཉམས་རྒྱུན་བསྲིངས་ཀྱི་ཆེད། འཕགས་པ་འོད་སྲུང་ཆེན་པོ་ལ་སོགས་པས་བཀའ་བསྡུ་རིམ་པ་གསུམ་རིམ་བཞིན་མཛད་པའི་བཀའ་དེ་དག་གི་དགོངས་འགྲེལ་དུ་པཎ་ཌིཏ་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་རྒྱན་དྲུག་མཆོག་གཉིས་ལ་སོགས་པ་དག་གིས་བྱས་པའི་བཀའ་དང་པོ་བདེན་བཞིའི་རྣམ་གཞག་དང༌། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའམ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་དག་གི་བཞེད་དོན་ཕྱིན་ཅི་མ་ལོག་པར་བཀྲལ་བའི་བསྟན་བཅོས་རྣམས་བྱུང་བ་ལས་རྒྱ་གར་འཕགས་པའི་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡང་ངོའི་ཟླ་ལྟར་གོང་ནས་གོང་འཕེལ་དུ་གྱུར་ཡང༌། མཐར་ཕྱི་ལོ་བརྒྱ་ཕྲག་བཅུ་གཉིས་ཙམ་ནས་ཀླ་ཀློའི་དམག་དཔུང་སོགས་ཀྱི་དབང་ལས་མིང་གི་ལྷག་མ་ཙམ་དུ་གྱུར་པ་ཡིན་པ་ནི་རང་གཞན་ཀུན་གྱིས་ཤེས་གསལ་ལྟར་ལགས་སོ།།
གཉིས་པ།

འབྲས་བུ་གསང་བ་སྔགས་ཀྱི་ཐེག་པ་འཇིག་རྟེན་དུ་དར་ཚུལ་ནི། ཐོག་མ་གསང་སྔགས་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང༌། ནང་དབང་གྱུར་ཐབས་ཀྱི་ཐེག་པ་ལ་གསུམ་རེ་ཡོད་དེ། དང་པོ་གསུམ་ནི། ཀྲི་ཡ། ཨུ་པ། ཡོ་ག་དང༌། གཉིས་པ་གསུམ་ནི། མ་ཧཱ། ཨ་ནུ། ཨ་ཏི་བཅས་ཡིན་པས། དེ་དག་གི་རྒྱུད་སྡེ་རྣམས་ས་བཅུ་རྒྱུན་མཐའ་ལ་གནས་པའི་སེམས་དཔའ་ཆེན་པོ་འཕགས་མཆོག་རིགས་གསུམ་མགོན་པོ་ལ་སོགས་པ་བསྡུ་བ་མཛད་པ་ལས་རིམ་པ་བཞིན་འཇིག་རྟེན་གྱི་ཁམས་འདིར་སྨིན་གྲོལ་གྱི་རིམ་པ་མ་ལུས་པའི་རྒྱུད་པ་དག་ཟམ་མ་ཆད་པར་ད་ལྟའི་བར་དུ་དར་ཞིང་བཞུགས་ཡོད་པ་དེའི་རྒྱུད་ཚུལ་ལའང༌། རྒྱལ་བ་དགོངས་རྒྱུད། རིག་འཛིན་བརྡ་རྒྱུད། གང་ཟག་སྙན་ཁུང་གི་རྒྱུད་པ་གསུམ་ལས་རྒྱུད་པའོ་ཞེས་གསང་སྔགས་ཀྱི་རྒྱུད་སྡེ་ཀུན་ལ་སྦྱར་ནས་སྤྱི་མཚུངས་ལྟ་བུ་ཞིག་ཏུ་གསུངས་སྲོལ་ཡོད་པ་ལྟར་སྣང་ཡང༌། ལེགས་པར་བརྟག་ན་རྒྱུད་ཚུལ་གསུམ་པོ་དེ་ནི་ཡང་གསང་རྨད་དུ་འབྱུང་བའི་རྫོགས་པ་ཆེན་པོ་རང་གི་རྒྱུད་ཚུལ་ཐུན་མོང་མ་ཡིན་པའི་ཁྱད་པར་བ་ཞིག་མ་ཡིན་ནམ་སྙམ། གང་ལགས་ཤེ་ན། རྒྱལ་བ་ཀློང་ཆེན་པའི་ཆོས་འབྱུང་ལས། འབྲས་བུ་ཐེག་པའི་བྱུང་བ་འཆད་པའི་སྐབས་དེར་རྫོགས་ཆེན་ཨ་ཏི་ཡོ་གེའི་སྐབས་མ་གཏོགས་གཞན་རྣམས་ཀྱི་རྒྱུད་ཚུལ་ལ་དེ་འདྲའི་ཐ་སྙད་ཀྱི་རྣམ་བཞག་མཛད་པར་མི་སྣང་བས། དཔྱོད་ལྡན་རྣམས་ནས་ད་དུང་དཔྱད་པར་འཚལ།།
དེ་ལྟ་བུའི་གསང་སྔགས་ཕྱི་ནང་དེ་གཉིས་དབར་གྱི་ཁྱད་པར་ནི་བདུན་ཡོད་དེ། ཀློང་ཆེན་ཆོས་འབྱུང་༼༡༧༡༽ལས། འདི་སྐད་དུ། འཇུག་སྒོའི་སྒོ་ནས་ཐབས་དང་ཤེས་རབ་ཡ་བྲལ་མ་བྲལ་གྱི་ཁྱད་པར་དང༌། ལྟ་བའི་སྒོ་ནས་བདེན་པ་དབྱེར་མེད་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་དང༌། བསྲུང་མཚམས་ཀྱི་སྒོ་ནས་སྤང་བླངས་དགག་སྒྲུབ་ཡོད་མེད་ཀྱི་ཁྱད་པར་དང༌། སྒོམ་པའི་སྒོ་ནས་ཏིང་ངེ་འཛིན་ལ་བློ་སྦྱོང་ཚབས་ཆེ་ཆུང་གི་ཁྱད་པར་དང༌། སྤྱོད་པའི་སྒོ་ནས་དམ་རྫས་བདུད་རྩི་ལྔ་ལ་སྤྱོད་ནུས་མི་ནུས་ཀྱི་ཁྱད་པར་དང༌། སྒྲུབ་པའི་སྒོ་ནས་དུས་ཉེ་རིང་དང༌། སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོར་སྟོན་མི་སྟོན་གྱི་ཁྱད་པར་རོ་ཞེས་གསུངས་པ་ལྟར་ལགས་པས་རྒྱས་པར་ནི་ཆོས་རྗེ་གང་གི་གྲུབ་མཐའ་མཛོད་སོགས་ལས་གཟིགས་པར་ཞུ།།
གསུམ་པ།

ཡང་སྒོས་གངས་ཅན་ལྗོངས་སུ་མཉམ་མེད་ཟས་གཙང་སྲས་པོའི་བསྟན་པ་རིན་པོ་ཆེ་དེ་ཉིད་ཐོག་མར་བཙན་པོ་མཐོ་དོ་རི་སྙན་ཤལ་གྱི་སྐུ་རིང་ན་དབུ་བརྙེས། བར་དུ་ཆོས་སྲོང་བཙན་གྱི་སྐུ་རིང་ལ་སྲོག་གཏོད། དེ་ནས་ཆོས་རྒྱལ་ཁྲི་སྲོང་གི་སྐུ་རིང་ན་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་རྣམ་གཉིས་གདན་ཞུ་བགྱིས་ཏེ། རབ་བྱུང་གི་ཐོག་མ་སད་མི་མི་བདུན་རིམ་པས་རབ་ཏུ་བྱུང༌། གཙུག་ལག་ཁང་གི་ཐོག་མ་བསམ་ཡས་མི་གྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་བཞེངས་ཤིང༌། སྔ་འགྱུར་གྱི་ལོ་ཙཱ་བ་ཆེན་མོ་ཀ་ལྕོག་ཞང་གསུམ་ལ་སོགས་པའི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་དག་གིས་མདོ་སྔགས་གཞུང་ལུགས་ཕལ་ཆེ་བ་བརྩོན་པ་ཆེན་པོས་བསྒྱུར་བར་མཛད་པ་ལས་རང་སྐད་ནང་ཐོས་བསམ་སྒོམ་གསུམ་བགྱི་བའི་སྐལ་བ་བྱུང་བས་ན་རིམ་པས་བསྟན་པ་རིན་པོ་ཆེ་གོང་འཕེལ་དུ་སོང་སྟེ། དེའི་ཉེར་འབྲས་སུ་གྲུབ་པ་ལ་མངའ་རྙེད་པའི་སྐྱེས་བུ་ཆེན་པོ་རྗེས་འབངས་ཉེར་ལྔ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱུང༌། བཙན་པོ་དར་མས་རེ་ཞིག་བསྟན་པ་བསྣུབ་པ་དང་བར་དེར་ཆོས་ལོག་སྨྲ་མཁན་ཡང་གང་འཚམས་བྱུང་བས། དེ་དག་ཚར་གཅོད་ཅིང་བསྟན་པའི་མེ་རོ་ཁ་གསོ་བའི་སླད་དུ་ཕྱིས་འབྱུང་གསར་མའི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ལ་སོགས་པ་དང༌། པཎ་ཌིཏ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་སོགས་པས་བརྩོན་པ་ཆེན་པོའི་བྱིན་མཐུ་ལས་དུས་ད་ལྟའི་བར་དུ་བསྟན་པ་རིན་པོ་ཆེ་མི་ཉམས་པར་དར་ཞིང་རྒྱས་པར་གནས་ཡོད་པ་དེ་ལྟར་ཡིན་ནོ། འོན་ཀྱང་སྐབས་དེར་བཙན་པོ་དར་མས་མདོ་ཕྱོགས་ཙམ་ལས་སྔ་འགྱུར་ཐུན་མོང་གྱི་མདོ་རྒྱུད་སེམས་གསུམ་གྱི་བསྟན་པ་རྣམས་བསྣུབ་པར་མ་ནུས་སོ།།
བཞི་པ།
སྐབས་འདིར་འཁོར་ལོ་རིམ་པ་གསུམ་པོ་དྲང་ངེས་བཞེད་ཚུལ་ཐད་མི་མཐུན་པ་འགའ་ཞིག་མཆིས་རུང་སྔ་འགྱུར་རང་ལུགས་སུ་ཐོག་མ་དྲང་ངེས་གཉིས་ཀྱི་མཚན་ཉིད་ནི། ལྟ་གྲུབ་ཤན་འབྱེད་ལས། སྒྲ་ཇི་བཞིན་པའི་བསྟན་དོན་ལ་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ཚང་པ་དེ་དྲང་དོན་དང་དེ་ལས་ལྡོག་པ་ངེས་དོན་གྱི་མཚན་ཉིད་ཡིན་པར་བཞེད་དོ། སྐབས་དོན་འཁོར་ལོ་གསུམ་ལས་བར་ཐ་གཉིས་ངེས་དོན་དང༌། དང་པོ་དེ་དྲང་དོན་དུ་བཞེད་པས། དང་པོ་བཀའ་བར་པ་འདི་ཉིད་ངེས་དོན་ཡིན་ཚུལ་ནི། འདི་ན་སྣང་བ་ཀུན་རྗོབ་ཀྱི་བདེན་པ་དང༌། སྟོང་པ་དོན་དམ་གྱི་བདེན་པ་གཉིས་ལས། དོན་དམ་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན་མཆོག་ཏུ་གྱུར་པའི་སྟོང་པ་དོན་དམ་གྱི་བདེན་པ་གང་ཞིག་དངོས་བསྟན་གྱི་ཚུལ་དུ་གསུངས་པས་འཁོར་ལོ་བར་པ་འདི་ཉིད་ངེས་དོན་ཡིན་ཏེ།
ལྟ་གྲུབ་ཤན་འབྱེད་ལས། ༼༣༤༽           དོན་དམ་དཔྱོད་བྱེད་རྙེད་དོན་མཆོག།
སྣང་སྟོང་ཆོས་ཀྱི་བདེན་གཉིས་ལས།།
སྟོང་ཉིད་དོན་དམ་དངོས་བསྟན་གྱི།།
འཁོར་ལོ་བར་པ་ངེས་དོན་དང༌།   ཞེས་གསུངས་སོ།།
གཉིས་པ་བཀའ་མ་མའང་ངེས་དོན་ཡིན་ཚུལ་ནི། གནས་ཚུལ་དང་སྣང་ཚུལ་མི་མཐུན་པ་ཀུན་རྫོབ་ཀྱི་ཆོས་དང༌། གནས་ཚུལ་སྣང་ཚུལ་མཐུན་པ་དོན་དམ་གྱི་ཆོས་གཉིས་ལས་རྣམ་དག་ཚད་མའི་རྙེད་དོན་མཆོག་ཏུ་གྱུར་བའི་སྙིང་པོ་བསྟན་པའི་མདོ་རྣམས་འོད་གསལ་དོན་དམ་བདེན་པའི་བརྗོད་བྱ་གཙོ་བོར་བསྟན་པས་ན་འཁོར་ལོ་ཐ་མ་དེ་ཉིད་ངེས་དོན་དུ་བཞེད་ཀྱང་སེམས་ཙམ་གྱི་མདོ་བཞི་ལྟ་བུ་ནི་མ་ཡིན་ནོ།། དེ་ཡང་ལྟ་གྲུབ་ཤན་འབྱེད་ལས།       རྣམ་དག་ཚད་མའི་རྙེད་དོན་མཆོག།
                                                གནས་སྣང་ཆོས་ཀྱི་བདེན་གཉིས་ལས།།
                                                འོད་གསལ་དོན་དམ་དངོས་བསྟན་གྱི།།
                                                འཁོར་ལོ་ཐ་མ་ངེས་དོན་བཞེད།། ༼༣༤༽ཅེས་གསུངས་པ་ལྟར་རོ།།
གསུམ་པ་ཆོས་འཁོར་དང་པོ་དྲང་དོན་ཡིན་ཚུལ་ནི། དྲང་དོན་གྱི་མཚན་ཉིད་གསུམ་པོ་རྫོགས་པའི་ཕྱིར་ཏེ། དང་པོ་དགོངས་གཞི་ནི། ཐ་སྙད་དུ་སྣང་ཙམ་གྱི་ངོར་ཡོད་པའི་ཆོས་རྣམས་ལ་དགོངས་པའོ། གཉིས་པ། དགོས་པ་ནི། ཉན་ཐོས་རིགས་ཅན་གྱི་ཐེག་པ་དམན་པའམ་དབང་པོ་རྟུལ་པོ་རྣམས་རྗེས་སུ་འཛིན་པའི་སླད་དུའོ།། གསུམ་པ། དངོས་ལ་གནོད་བྱེད་ནི། ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱིས་ཡོད་པར་གསུངས་པ་དག་སྒྲ་ཇི་བཞིན་དུ་གོ་ན་དོན་དམ་དཔྱོད་བྱེད་ཚད་མས་གནོད་བྱེད་ནི། ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱིས་ཡོད་པར་གསུངས་པ་དག་སྒྲ་ཇི་བཞིན་དུ་གོ་ན་དོན་དམ་དཔྱོད་བྱེད་ཚད་མས་གནོད་པ་ཡོད་པས་དྲང་དོན་དུ་བཞེད་དོ།། དེ་ལྟར་སྔ་འགྱུར་རང་ལུགས་ལ་ཆོས་འཁོར་རིམ་པ་གསུམ་པོའི་དྲང་ངེས་གང་གི་ཁོངས་སུ་འདུས་མིན་གྱི་རྣམ་བཞག་ཞར་བྱུང་གི་ཚུལ་དུ་ཞུས་ཟིན་པ་ལགས།།
ལྔ་པ།
དེ་ལྟ་བུའི་བསྟན་པའི་བབ་ཚུལ་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་གྱི་བསྟན་པ་འདི་ལ་ཞུགས་མཁན་གྱི་གང་ཟག་ལ་ལྟོས་ཏེ་ཐེག་པ་གཉིས་སམ་ཡང་ན་སྔ་འགྱུར་རང་ལུགས་ཐུན་མོང་མ་ཡིན་པའི་ཐེག་པ་རིམ་པ་དགུ་བཞེད་དོ།། གྲུབ་མཐའི་དབང་དུ་དབྱེ་ན། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་བཞི་ཡོད་པ་དེ་དག་སོ་སོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཉུང་ངུ་རེ་ཞུ་ན།།
དང་པོ། བྱེ་བྲག་སྨྲ་བའི་གཞི་ལམ་འབྲས་གསུམ་ལས། གཞི་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་ཡིན་པ་དང༌། ལམ་ནི། བདེན་བཞི་ལས་འཁོར་བར་འཇུག་ཚུལ་དང་ལྡོག་ཚུལ་གྱི་རིམ་པ་རྣམས་ཐོས་བསམ་གྱི་ལམ་ནས་སྒྲོ་འདོགས་ལེགས་པར་ཆོད་ཅིང༌། དགེ་སྦྱོང་ཆོས་བཞི་རྒྱུད་ལ་ལྡན་པར་བྱས་ཏེ་ལམ་ལ་ཞུགས་པ་དང༌། སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་བྱང་ཕྱོགས་སུམ་ཅུ་རྩ་བདུན་ལམ་ལྔར་སྦྱངས་པ་དག་ཡིན་ནོ།། འབྲས་བུ་ནི། ཁམས་གསུམ་འཁོར་བའི་རྒྱ་མཚོ་ལས་གྲོལ་ནས་ཐར་པ་ཐོབ་པའོ།། སྐབས་འདིར་དགག་བྱ་ལམ་དང་ཐར་པ་གཉིས་མིན་ཏེ་ཡིད་བཞིན་མཛོད་གྲུབ་བསྡུས་ལས།༼༦༦༽འདི་སྐད་དུ། རང་དོན་ཉི་ཚེ་བའི་བློ་དང༌། གཞི་ལམ་འབྲས་བུའི་ཕྱོགས་ལ་བདེན་པར་ཞེན་པའི་གྲུབ་མཐའི་སྐྱོན་ནི་སྐབས་འདིར་དགག་པར་བྱ་དགོས་སོ་ཞེས་གསུངས་སོ།།
     གཉིས་པ། མདོ་སྡེ་པའི་གཞི་ལམ་འབྲས་གསུམ་ནི། བཤད་མ་ཐག་པའི་ལུགས་དང་མཐུན་པས་འདིར་བསྐྱར་ཟློས་མི་དགོས་ཀྱང་དེ་གཉིས་དབར་གྱི་ཁྱད་པར་ནི། འདོད་པ་བདུན་ཡོད་དེ། ༡༽སྐྱེད་བྱེད་ཀྱི་རྐྱེན་བཞི། ༢༽སྣང་བ་བློ། ༣༽ཡུལ་ལྐོག་གྱུར། ༤༽རྡུལ་བར་མེད་པ། ༥༽དབང་པོ་ནུས་པ། ༦༽མི་ལྡན་ཀུན་བཏགས། ༧༽མྱང་འདས་དངོས་མེད་བཅས་བདུན་པོ་གྲུབ་པའི་མཐར་འཛིན་ཀྱང་འོས་ཤིང་འཚམས་པ་ཞིག་མིན་ཏེ། གྲུབ་བསྡུས་ལས། ༼༧༨༽ གྲུབ་པའི་མཐའ་རྣམ་པ་བདུན་གྱི་ཚུལ་དུ་སྨྲ་བ་དེ་ཡང༌། ཡང་དག་པའི་ལྟ་བ་མིན་ཏེ་དངོས་པར་སྨྲ་བའི་སྐྱོན་དང་བཅས་པའི་ཕྱིར་རོ་ཞེས་གསུངས་སོ།།
གསུམ་པ། སེམས་ཙམ་པའི་གཞི་ལམ་འབྲས་གསུམ་ནི། དང་པོ་གཞི་ལ་གསུམ་སྟེ། ཐེག་པ་གསུམ་གྱི་རིགས་གསུམ་དང༌། རིགས་མ་ངེས་པ། རིགས་ཆད་པ་བཅས་ལྔ་ནི་བསྐལ་བ་ལྡན་པ་རིགས་ཀྱི་གཞི་དང༌། ཤེས་བྱ་གཞི་ལྔ་པོ་ནི་ལྟ་བ་དམིགས་པའི་གཞི། གང་ཟག་དང་ཆོས་ཀྱི་བདག་གཉིས་པོ་ནི་སྒོམ་པ་ཐར་ཕྱིན་པ་དམིགས་པའི་གཞི་བཅས་གསུམ་པོ་སེམས་ཙམ་པའི་གཞི་འམ་དམིགས་པའི་ཡུལ་ཡིན།། གཉིས་པ་ལམ་མམ་སྤྱོད་ཚུལ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས་ལ་དམིགས་ནས་བསྐལ་ཆེན་གྲངས་མེད་གསུམ་དུ་ཕར་ཕྱིན་དྲུག་སོགས་ཚོགས་གཉིས་ལ་སྤྱོད་པའོ།། གསུམ་པ་འབྲས་བུའམ་གྲུབ་པའི་འབྲས་བུ་ནི། སྒྲིབ་གཉིས་སྦྱངས་ཤིང་ཡོན་ཏན་མ་ལུས་རྫོགས་པའི་ཡེ་ཤེས་བསམ་གྱི་མི་ཁྱབ་པ་ཞིང་དང་སྐུ་དང་འཕྲིན་ལས་ཀྱི་ཚུལ་ཚད་འཇལ་མཐའ་བྲལ་བས་མཛེས་པར་བཞེད་དོ།།
ཞི་པ། དབུ་མ་ལ་རང་རྒྱུད་དང་ཐལ་གྱུར་གཉིས་ཡོད་པ་ལས། དང་པོ་རང་རྒྱུད་པའི་གཞི་ལམ་འབྲས་གསུམ་ལས། གཞི་ནི་བདེན་གཉིས་ལས་ཀུན་རྫོབ་རིགས་པས་དཔྱད་པ་ན་བདེན་གྲུབ་ཀྱིས་སྟོང་པ་དེ་ཁས་ལེན་དང་བཅས་ཏེ་བཞེད་དོ།། ལམ་ནི་འཛིན་པ་ཕལ་ཆེ་བ་འདོར་བའི་ནང་ནས་ཚོགས་གཉིས་མ་ལུས་པར་ཉམས་སུ་བཞེས་པ་དེའོ། འབྲས་བུ་ནི་འཁོར་བའི་རྩ་བ་སེམས་སེམས་བྱུང་གི་བག་ཆགས་དང་བཅས་པ་ཡོངས་རྫོགས་ཟད་པས་སྐུ་གཉིས་མངོན་དུ་བྱས་པའོ།།
གཉིས་པ་དབུ་མ་ཐལ་འགྱུར་བའི་གཞི་ལམ་འབྲས་གསུམ་ལས། དང་པོ་གཞི་ནི། ཀུན་རྫོབ་བློའི་ཡུལ་དང༌། དོན་དམ་སོ་སོ་རང་རིག་གི་ཡུལ་གཉིས་ཀའང་རང་བཞིན་ཡེ་ནས་མ་གྲུབ་པར་ལྟ་བའོ། གཉིས་པ་ལམ་ནི། ཀུན་རྫོབ་རྗེས་ཐོབ་ཏུ་ཕར་ཕྱིན་དྲུག་གི་ཉམས་ལེན་དང༌། དོན་དམ་མཉམ་གཞག་གི་ངོར་སྤྲོས་པའི་མཐའ་ཀུན་དང་བྲལ་བའི་འོད་གསལ་ཡེ་ཤེས་ཟུང་འཇུག་ཏུ་བསྒོམ་པའོ།། གསུམ་པ་འབྲས་བུ་ནི། ས་བཅུའི་རྒྱུན་མཐར་འཁོར་བར་སྐྱེ་བྱེད་ཀྱི་རྒྱུ་སེམས་དང་སེམས་བྱུང་གི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཞི་བ་ལས། ཡེ་ཤེས་དང་དབྱིངས་གཉིས་སུ་མེད་པའི་ཆོས་སྐུ་དང་དེ་ལས་གཟུགས་སྐུ་རྣམ་གཉིས་ལྷུན་གྱིས་གྲུབ་པ་དེས་འཁོར་བ་ཇི་སྲིད་དུ་ཕན་བདེ་མཛད་པའོ།། ཞེས་དེ་ལྟར་རེ་ཞིག་སྟོན་པའི་བསྟན་པ་འཕགས་བོད་གཉིས་སུ་དར་ཚུལ་དང༌། གྲུབ་མཐའ་བཞི་པོའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཉུང་ངུ་ཙམ་ཞིག་འདིར་གླེང་གཞིའི་ཚུལ་དུ་ཞུ་ཁུལ་གྱིས་པ་ལས། རྒྱས་པ་ནི་ཐ་ཤལ་བ་སོ་སོ་སྐྱེ་བོ་བདག་འདྲའི་བློའི་སྤྱོད་ཡུལ་མིན་པས་འདིར་ཞུ་མ་ནུས་ཀྱང༌། གལ་ཏེ་ཐུགས་སྣང་ཅན་དེ་འདྲ་མཆིས་ཚེ་ཆོས་རྗེ་རིན་པོ་ཆེའི་གྲུབ་མཐའ་མཛོད་དང༌། མི་ཕམ་རིན་པོ་ཆེའི་ཡིད་བཞིན་མཛོད་གྲུབ་བསྡུས་སོགས་ལས་གཟིགས་གནང་ཡོང་བར་ཞུ།།  
སྐབས་དོན་བརྗོད་བྱ་དངོས་ནི།
ད་ནི་སྐབས་དོན་དངོས་སུ་འཆད་པར་བྱ་རྒྱུའི་བརྗོད་བྱ་ནི། སྔ་འགྱུར་རྙིང་མ་པའི་ལྟ་གྲུབ་ཀྱི་རྣམ་གཞག་ཡིན་པས། དེ་ཡང་སྐྱེས་ཆེན་གོང་མ་རྣམས་ཀྱི་གསུང་ལ་བརྟེན་ནས་ས་བཅད་མ་སྟོང་ཙམ་ཞིག་གཞི་ལམ་འབྲས་གསུམ་གྱི་རྒྱར་བསྡུས་ནས་འཆད་པ་ལ། སྔ་འགྱུར་རང་ལུགས་ལ་རྒྱུ་མཚན་ཉིད་ཐེག་པ་དང་འབྲས་བུ་གསང་བ་སྔགས་ཀྱི་ཐེག་པ་གཉིས་ལས་གང་དུ་ཞུགས་ཀྱང༌། དང་པོ་གཞི་ནི། སྣང་བ་ཀུན་རྫོབ་བདེན་པ་དང་སྡོང་པ་དོན་དམ་བདེན་པའམ་སྡོང་དང་རྟེན་འབྱུང་གིས་བསྡུས་པའི་ཆོས་རྣམས་ཡིན་པས། ཐོག་མ་གཞལ་བྱ་སྣང་སྟོང་གིས་བསྡུས་པའི་ཆོས་དེ་དག་འཇལ་བྱེད་ཚད་མ་གཉིས་ཏེ་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་དང༌། ཐ་སྙད་དཔྱོད་བྱེད་ཚད་མ་གཉིས་ཀྱིས་གཏན་ལ་འབེབས་དགོས་པ་དེའི་ཐད་མཁས་པ་ཕལ་ཆེ་བས་ཐ་སྙད་ཚད་མའི་རྣམ་བཞག་སྟེ་བདུན་མདོ་དང་བཅས་པ་དང༌། དོན་དམ་ཚད་མའི་རྣམ་བཞག་རིགས་ཚོགས་སོགས་ཀྱིས་ངེས་པ་ལྟ་བུའི་བཞེད་ཚུལ་མི་འདྲ་བ་ཡོད་རུང༌། སྔ་འགྱུར་མཁས་པའི་དབང་པོ་དག་གིས་ནི། དང་པོ་དོན་དམ་དཔྱོད་བྱེད་དེ་ལའང་གཉིས་སུ་ཕྱེ་སྟེ། རྣམ་གྲངས་བའི་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་དང༌། རྣམ་གྲངས་མ་ཡིན་པའི་དོན་དམ་དཔྱོད་བྱེད་ཀྱི་ཚད་མའོ། དེ་གཉིས་ལས་དང་པོའི་གཞལ་བྱ་ནི། གནས་སྐབས་རྣམ་གྲངས་བའི་དོན་དམ་སྟེ། གྲུབ་མཐའ་འོག་མ་བྱེ་བྲག་སྨྲ་བ་ནས་རང་རྒྱུད་པའི་བར་དུ་རྣམ་གྲངས་བའི་དོན་དམ་སྟོང་པ་བདག་མེད་རྣམས་ཇི་བཞིན་གཏན་ལ་འབེབས་ཏེ་དེ་དག་ཀྱང་དངོས་བརྒྱུད་གང་རུང་གིས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལས་རྣམ་དག་ཡིན་པར་སྒྲུབ་པར་བྱེད་དོ། གཉིས་པའི་གཞལ་བྱ་ནི། རྣམ་གྲངས་མིན་པའི་དོན་དམ་བདེན་པ་སྟེ་ཐལ་གྱུར་བའི་ལུགས་ཀྱི་དོན་དམ་མཉམ་པ་ཆེན་པོ་ནས་རྫོགས་པ་ཆེན་པོ་ཨ་ཏིའི་ཡོ་གའི་ལུགས་ཀྱི་གཞི་དབྱིངས་ཀ་ནས་དག་པའི་དོན་དམ་སྤྲོས་པ་ཀུན་དང་བྲལ་བའི་སྟོང་པ་ཆེན་པོ་རྣམ་གྲངས་མིན་པས་ཁྱད་པར་དུ་བྱས་པ་དེ་དག་མ་ལུས་པ་སྒྲོ་འདོགས་ཀྱི་མི་བཅིངས་བར་གཏན་ལ་འབེབས་པར་བྱེད་དོ། གཉིས་པ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ལའང༌། ཐ་སྙད་ཚུར་མཐོང་ཚད་མ་དང༌། ཐ་སྙད་རྣམ་དག་ཚད་མ་གཉིས་སུ་འབྱེད་པ་ལས་དང་པོའི་གཞལ་བྱ་ནི། སྣང་ཚུལ་མ་དག་པའི་ཀུན་རྫོབ་སྟེ། རྒྱུ་མཚན་ཉིད་ཐེག་པའི་ལུགས་ཀྱི་རྒྱུ་ཀུན་འབྱུང་དང་འབྲས་བུ་སྡུག་བསྔལ་གྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་སོགས་ཡིན་པས་དེ་དག་སྒྲོ་སྐུར་དང་བྲལ་བར་གཏན་ལ་ཕབ་པ་དེའོ།། གཉིས་པའི་གཞལ་བྱ་ནི། གནས་ཚུལ་དག་པའི་ཀུན་རྫོབ་སྟེ། རྒྱུ་མཚན་ཉིད་ཐེག་པའི་ལུགས་ཀྱི་ངེས་དོན་བདེ་གཤེགས་སྙིང་པོའི་སྣང་ཆ་འོད་གསལ་བའི་ཀུན་རྫོབ་དང༌། འབྲས་བུའི་ཐེག་པ་མཧཱ་ཡོ་གའི་ཀུན་རྫོབ་དག་པ་ཆེན་པོ་ནས་རྫོགས་པ་ཆེན་པོ་ལ་ཨ་ཏི་ཡོ་གའི་གཞི་སྣང་ལྷུན་གྱི་འགྲུབ་པའི་བར་གྱི་ཀུན་རྫོབ་དག་པ་ཆེན་པོ་རང་བཞིན་འོད་གསལ་བའི་ཁྱད་པར་དུ་བྱས་པ་དེ་དག་སྒྲོ་འདོགས་སྤང་སྟེ་སྒྲུབ་པར་བྱེད་དོ།།
དེ་ལྟ་བུའི་ཚད་མ་ཁྱད་པར་དེ་ཉིད་ཀྱི་གཞལ་བྱ་དག་ཚུར་སྒྲིལ་ན་བདེན་པ་གཉིས་སུ་བསྡུས་པས་དེ་ལའང་གཉིས་སུ་འབྱེད་དེ། ༡༽ སྣང་བ་ཀུན་རྫོབ་ཚུལ་གྱི་བདེན་པ་དང་སྟོང་པ་དོན་དམ་ཚུལ་གྱི་བདེན་པ་གཉིས་དང༌། ༢༽ གནས་ཚུལ་དང་སྣང་ཚུལ་མཐུན་པ་དོན་དམ་བདེན་པ་དང་མི་མཐུན་པ་ཀུན་རྫོབ་བདེན་པ་སྟེ་གནས་སྣང་ཆོས་ཀྱི་བདེན་པ་གཉིས་ཞེས་འབྱེད་ཚུལ་གཉིས་ཡིན་ཏེ། ལྟ་གྲུབ་ཤན་འབྱེད་ལས། ༼༧༦༽                                       སྤྱིར་ནི་དབེན་གཉིས་དབྱེ་ཚུལ་ལ།།
                                                          སྣང་སྟོང་ཆོས་ཀྱི་བདེན་གཉིས་དང༌།།
                                                          གནས་སྣང་ཆོས་ཀྱི་བདེན་གཉིས་ཀྱི།།
                                                          རབ་དབྱེ་གཉིས་སུ་མཁས་རྣམས་བཞེད།། ཅེས་གསུངས་སོ།།
བདེན་པ་གཉིས་ཀྱི་མཚན་ཉིད་ནི་ཤན་འབྱེད་ལས། ༼༩༤༽ ཇི་ལྟ་བའི་གནས་ལུགས་གང་ཞིག་མཉམ་བཞག་བློ་འདས་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དོན་དམ་གྱི་མཚན་ཉིད་དང༌། ཇི་སྙེད་པའི་སྣང་ཚུལ་གང་ཞིག་མཐོང་བ་ཐ་སྙད་པའི་བློའི་ཡུལ་དུ་གྱུར་པ་ཀུན་རྫོབ་བདེན་པའི་མཚན་ཉིད་ཅེས་གསུངས་སོ།།
སྐབས་འདིར་གནས་སྣང་གི་བདེན་གཉིས་ལས་འཕྲོས་ཏེ་ལྟ་བའི་ཁྱད་པར་བརྗོད་པའི་སྐབས་ལྟ་བ་མེད་དགག་དང་མ་ཡིན་དགག་གཉིས་ཀྱི་ཐད་མཁས་པ་རྣམ་བཞེད་པ་མི་གཅིག་པ་ཡོད་ནའང༌། རང་ལུགས་ནི། ཆོས་ཀྱི་གནས་ལུགས་མཐར་ཐུག་སྒྲོ་འདོགས་ལེགས་པར་ཆོད་པའི་སྤྲོས་པའི་མཐའ་ཀུན་དང་བྲལ་བའི་དབྱིངས་ཡེ་ཟུང་འཇུག་མཉམ་ཉིད་ཆེན་པོའི་ངོར། རང་གི་དགག་བྱ་བདེན་གྲུབ་ལ་སོགས་པ་བཀག་ཤུལ་དུ་མེད་རྐྱང་ངམ་སྟོང་རྐྱང་གི་མེད་འགག་དང༌། དགག་བྱ་བཀག་ཤུལ་ལ་ཆོས་ཉིད་ཅེས་པ་ལ་སོགས་པའི་མ་ཡིན་དགག་གི་ཆོས་གཞན་མི་འཕེན་པར་དེ་གཉིས་ཀའང་གཞན་སེལ་བློས་བཏགས་པ་ཙམ་ལས་ངོ་བོ་མ་གྲུབ་ཕྱིར་ན་གནས་ལུགས་མཐར་ཐུག་པའི་དོན་ལ་ཁས་ལེན་ཡོད་ཚད་དང་བྲལ་བས་མེད་དགག་དང་མ་ཡིན་དགག་གང་ཡང་ཁས་མི་ལེན་མོད། འོན་ཀྱང་རེ་ཞིག་ཆོས་རྣམས་ཀྱི་གནས་ལུགས་གཏན་པ་འབེབས་པའི་གནས་སྐབས་ཁོ་ནར་སེམས་ཏེ་མེད་དགག་ཅེས་བཞེད་དོ།། དེ་ཡང་ངེས་སྒྲོན་ལས། ༼༡༥༽
                              ཟུང་འཇུག་ཡེ་ཤེས་ཆེན་པོའི་ངོར།།        མེད་ཅེས་དགག་བྱ་བཀག་ཤུལ་གྱི།།
                              མེད་རྐྱང་དང་ནི་མ་ཡིན་ཞེས།།            བཀག་ཤུལ་ཆོས་གཞན་ཅི་ཞིག་འཕེན།།
                               དེ་གཉིས་བློ་ཡིས་བརྟགས་པ་ཙམ།།       དོན་ལ་གཉིས་ཀར་ཁས་མི་ལེན།།
                              དགག་སྒྲུབ་གཉིས་དང་བྲལ་བ་ཡིན།།      བློ་འདས་གདོད་མའི་ཆོས་ཉིད་ཡིན།།
                             སྟོང་ཚུལ་ཁོ་ནར་བསམས་ནས་ནི།།         དྲི་ན་མེད་དགག་ཉིད་ཡིན་ཏེ།།  ཞེས་གསུངས་སོ།།
གཞལ་བྱ་བདེན་གཉིས་ལ་གཙོ་ཕལ་གྱི་ཐད་དགོངས་པ་མི་མཐུན་པ་ཡོད་རུང༌། རང་ལུགས་སུ་དེ་གཉིས་ལ་གལ་ཆེ་ཆུང་དང་གཙོ་ཕལ་སོགས་ཡེ་ནས་འབྱེད་དུ་མེད་དེ། དོན་དམ་ཡང་དག་དཔྱོད་པའི་ཤེས་རབ་ཀྱི་ངོར་སྣང་སྟོང་དེ་གཉིས་པོ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་གྱི་དབྱེ་བ་ཡོད་པར་བཞེད་དེ། ངེས་སྒྲོན་ལས། ༼༡༣༠༽
ཡང་དག་དཔྱོད་པའི་ཤེས་རབ་ངོར།།
སྣང་དང་སྟོང་པ་དེ་གཉིས་པོ།།
ཡོད་མཉམ་མེད་མཉམ་ངོ་བོ་གཅིག།
ལྡོག་པ་ཐ་དད་དབྱེ་བར་འདོད།། ཅེས་གསུངས་པ་དང་བཅས་རེ་ཞིག་སྔ་འགྱུར་རང་ལུགས་ཀྱི་གཞིའི་རྣམ་གཞག་མདོར་བསྡུས་ཤིག་ཞུས་ཟིན།
གཉིས་པ་ལམ་ནི། ཐབས་ཤེས་གཉིས་སམ་ཚོགས་གཉིས་རྫོགས་པར་བྱ་རྒྱུ་དེ་ཡིན་ནའང༌། དེའི་རྣམ་གཞག་དང་འབྲེལ་བའི་དཀའ་གནད་འགའ་ཞིག་ཐད་སྔ་འགྱུར་རང་ལུགས་ཀྱི་དགོསང་པ་བཞེད་ཚུལ་ནི། དེ་ལ་སྤྱིར་ལམ་ལྔའི་ནང་ནས་སྒོམ་ལམ་གྱི་གནས་སྐབས་སྤང་རྟོགས་གཉིས་སུ་ཕྱེ་བས། སྤང་བྱའི་སྒྲིབ་པ་དང་བྲལ་བའི་ཆར་གྱུར་པ་འགོག་བདེན་དང༌། ཡེ་ཤེས་མངའ་བའམ་རྟོགས་པའི་ཆར་གྱུར་པ་ལམ་གཀྱི་བདེན་པ་གཉིས་སུ་ཡོད་དེ། ལྟ་གྲུབ་ཤན་འབྱེད་ལས། ༼༢༡༧༽                       
སྒོམ་པའི་ལམ་ལ་སྤངས་རྟོགས་གཉིས།།
                                      སྤང་བ་འགོག་པའི་བདེན་པ་དང༌།།
                                      རྟོགས་པ་ལམ་གྱི་བདེན་པ་སྟེ།།
                                      འགོག་ལམ་སྤང་རྟོགས་རྣམ་པ་གཉིས།། ཞེས་གསུངས་སོ།།
ལམ་གྱི་སྤང་བྱའི་ངོ་བོར་གྱུར་པའི་སྒྲིབ་པ་ལའང་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་སུ་ཡོད་པ་ལས། དེ་གཉིས་སོ་སོའི་ཁྱད་པར་ནི་རྒྱུ་དང་ངོ་བོར་བྱེད་ལས་གསུམ་གྱི་ཁྱད་པར་འབྱེད་དེ། དང་པོ། རྒྱུའི་ཁྱད་པར་ནི། ཉོན་མོངས་པའི་རྒྱུ་ནི་གང་ཟག་བདག་འཛིན་དང༌། ཤེས་སྒྲིབ་ཀྱི་རྒྱུ་ནི་ཆོས་ཀྱི་བདག་འཛིན་གཉིས་པོས་སྒྲིབ་གཉིས་བསྐྱེད་པར་བྱེད། གཉིས་པ། ངོ་བོའི་ཁྱད་པར་ནི། འདོད་སྡང་སོགས་ཀྱི་ཆར་གྱུར་པ་ཉོན་སྒྲིབ་པ་དང༌། འཁོར་གསུམ་དུ་རྣམ་པར་རྟོག་པའི་ཆར་གྱུར་པ་ཤེས་སྒྲིབ་ཏུ་ཟད། གསུམ་པ། བྱེད་ལས་ཀྱི་ཁྱད་པར་ནི། ཉོན་མོངས་སྒྲིབ་པས་ཐར་པ་ལ་བར་དུ་གཅོད་པ་དང༌། ཤེས་སྒྲིབ་ཀྱིས་རྣམ་མཁྱེན་མངོན་དུ་བྱེད་པ་ལ་བར་དུ་གཅོད་པར་བྱེད་པ་བཅས་དེ་གསུམ་གྱི་སྒོ་ནས་སྒྲིབ་གཉིས་ལ་ཁྱད་པར་བཞག་གི་ཡོད་དེ། ཤན་འབྱེད་ལས། ༼༢༢༨༽
རྒྱུ་དང་ངོ་བོ་བྱེད་ལས་ཀྱིས།།
སྤྱི་ལས་བྱེ་བྲག་ཉོན་ཤེས་ཀྱི།།
སྒྲིབ་པ་གཉིས་སུ་རྣམ་པར་འཇོག། ཅེས་གསུངས་སོ།།
སྤང་བྱ་སྒྲིབ་པ་གཉིས་ཀྱི་ངོ་སྐལ་དུ་གྱུར་པའི་གཉེན་པོ་ལ་རྣམ་གྲངས་དང་རྣམ་གྲངས་མིན་པ་གཉིས་སུ་ཡོད་པ་ལས། རང་ལུགས་ལ་གྲུབ་མཐའ་ཐུན་མོང་དུ་གྱུར་བའི་གང་ཟག་བདག་མེད་རྣམས་གྲངས་པའི་དོན་དམ་གྱིས་ཉོན་སྒྲིབ་ཙམ་ལས་སྤང་མི་ནུས་པས་དངོས་གཉེན་དུ་མི་འདོད་པར། ཤེས་སྒྲིབ་མ་ལུས་པ་སྤང་བའི་གཉེན་པོ་ཆོས་ཀྱི་བདག་མེད་རྣམ་གྲངས་མ་ཡིན་པའི་དོན་དམ་ཡིན་པས་དེ་ཉིད་གཉེན་པོ་མཐར་ཐུག་ཏུ་བཞེད་ཅིང༌། གཉེན་པོ་ལམ་གྱི་རིམ་པ་དེ་ལའང་མཉམ་རྗེས་སོ་སོའི་རང་བཞིན་དུ་འཇོག་རྒྱུ་ཡོད་པ་བཞིན། སྐབས་འདིར་རང་ལུགས་མཉམ་གཞག་གི་སྐབས་འཛིན་སྟངས་ཡོད་མེད་སྐོར་མདོར་ཙམ་ཞུ་ན། ཡང་དག་པའི་རིགས་པས་དཔྱད་པ་ལས་ཆོས་ཀུན་གྱི་གཤེས་ལུགས་ལ་ཐེ་ཚོམ་མ་ལུས་པ་ཞི་བའི་ངེས་ཤེས་རིན་པོ་ཆེ་དེར་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཏིང་འཛིན་གྱི་ངོར་སྣང་སྟོང་སོགས་གང་གིའང་ཕྱོགས་སུ་མ་ལྷུང་བས། དཔེར་ན། ལྐུགས་པས་བུ་རམ་གྱི་རོ་མྱོང་བ་ལྟར། ཅིར་ཡང་འཛིན་པ་མེད་དེ། ངེས་སྒྲོན་ལས། ༼༨༨༽                   དཔྱད་པའི་ངེས་ཤེས་དྲངས་པའི་ངང༌།།    རྩེ་གཅིག་བཞག་པའི་ཏིང་འཛིན་ལ།།
                             མ་མཐོང་མཐོང་བ་དམ་པའི་དོན།།        མཐོང་དོན་ཆོས་སུ་མ་ལྷུང་བས།།
                             ཅིར་ཡང་བཟུང་བ་མེད་མོད་ཀྱི།།  ལྐུགས་པས་བུ་རམ་མྱོང་བ་ལྟར།།
                             ཡིད་ཆེས་གོམས་པའི་རྣལ་འབྱོར་ལ།།       སྐྱེ་ཡི་དཔྱད་པ་ཁོ་ནས་མིན།། ཞེས་གསུངས་སོ།།
གསུམ་པ་འབྲས་བུ་ནི། སྐུ་གཉིས་ལ་སོགས་པས་བསྡུས་པའི་ཆོས་རྣམས་ཡིན་ཏེ། འབྲས་བུ་ལ་གནས་དག་བྲལ་བའི་འབྲས་བུ་དང་གནས་གྱུར་སྨིན་པའི་འབྲས་བུ་རྣམ་པ་གཉིས་སུ་ཡོད་པ་ལས། དང་པོ། གནས་སྣང་དབང་གི་སྤང་བྱ་གློ་བུར་བའི་དྲི་མ་བྲལ་བས་གནས་ཚུལ་རང་བཞིན་དག་པའི་འབྲས་བུའི་རང་བཞིན་ངོ་བོར་སྨིན་པར་གྱུར་བའི་ཆ་ལ་གནས་གྱུར་སྨིན་པའི་འབྲས་བུ་ཞེས་བྱ་ཞིང་དེ་དག་གིས་སྐུ་སོ་སོ་མངོན་དུ་བྱ་ཚུལ་ནི། ཇི་སྐད་དུ།                  སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི།།
བསོད་ནམས་ཚོགས་ལས་བྱུང་བ་དང༌།།
ཆོས་ཀྱི་སྐུ་དེ་མདོར་བསྡུ་ན།།
རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས།།ཞེས་གསུངས་པ་ལྟར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས། ཡེ་ཤེས་ཀྱི་ཚོགས་ཀྱིས་གནས་དག་བྲལ་བའི་གནས་བུ་ཆོས་སྐུའི་རང་བཞིན་མངོན་དུ་བྱས་ཤིང༌། བསོད་ནམས་ཀྱི་ཚོགས་ལས་སྨིན་འབྲས་གཟུགས་སྐུ་ལྷུན་གྱིས་གྲུབ་པར་བཞེད་དེ། ལྟ་ཤན་ལས། ༼༣༠༦༽
གནས་སྣང་དབང་གིས་བྲལ་སྨིན་གྱི།།
རྒྱུ་ཆོས་ཚོགས་གཉིས་རང་བཞིན་ལས།།
བྲལ་འབྲས་ཆོས་སྐུའི་ཡོན་ཏན་དང༌།།
སྨིན་འབྲས་གཟུགས་སྐུ་འགྲུབ་པར་བཞེད།། ཅེས་གསུངས་པ་དེ་ལས་རྗེན་པར་རྟོགས་ནུས་སོ།
དེ་ལྟར་སྔ་འགྱུར་རང་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མདོར་བསྡུས་ཤིག་འདིར་ཞུ་ཁུལ་གྱིས་པ་དེ་ཡང་རང་སེམས་འདོད་སྡང་རྨོངས་གསུམ་གྱི་དབང་དུ་སོང་བའི་རང་བསྟོད་གཞན་སྨད་ཀྱི་བློ་ཟུར་ཙམ་ཡང་མི་བཅངས་པར་སྤྱིར་བསྟན་པའི་ཞབས་འདེགས་དང་ཡང་སྒོས་རང་འདྲའི་དབང་རྟུལ་དག་ལ་ཕན་རེར་དམིགས་ནས་བྲིས་པ་ལགས་པས། གལ་ཏེ་འདིར་དགེ་བའི་རྩ་བ་ཅུང་ཟད་ཙམ་ཡང་མཆིས་ཚེ། རྒྱལ་བའི་དགོངས་པ་མཐར་ཐུག་དབྱིངས་ཡེ་ཟུང་འཇུག་གི་གནས་ལུགས་ཇི་བཞིན་རྟོགས་པའི་རྒྱུར་གྱུར་ཅིག
སྔ་འགྱུར་རྙིང་མའི་ལྟ་གྲུབ་ཀྱི།
སྔོན་བྱོན་མཁས་བརྒྱའི་ལེགས་བཤད་ཀུན།
མ་ལུས་གཅིག་ཏུ་འདིར་བསྡུས་པས།
ཀུན་གྱིས་འདི་དོན་རྟོགས་པར་ཤོག
ཅེས་པ་འདི་ཡང་ཝཱཎ་མཐོ་སློབ་ཀྱི་སློབ་ཟུར་འཆལ་པོ་བདེ་ཆེན་རྡོ་རྗེས། སྤྱི་ལོ་ ༢༠༠༦ ཟླ་བ་ ཚེས་ ༡༧ ཉིན་ལ་རྫོགས་པར་བགྱིས་པ་དགེའོ།། །།



No comments:

Post a Comment