Thursday, October 30, 2014

༄༅། །རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་གི་བར་འགོས་གཉིས་ཀྱི་ས་བཅད་དང་རྨོངས་མཆན་ཐུམ་བུ་སྦྲགས་མ་བཞུགས་སོ། །

 ཞུང་འདིའི་རྩོམ་པ་པོ་ནི་མཁས་མཆོག་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡིན་ལ། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ཞེས་པའི་གཞུང་བཟང་འདི་ཉིད་ཕྱི་ལོ་ ༡༩༠༣ ལོར་རང་གི་སློབ་བུ་རྗེ་དྲུང་སངས་རྒྱས་རྒྱ་མཚོ་དང༌། དོན་གྲུབ་ཕུན་ཚོགས་གཉིས་ནས་དགོས་ཚུལ་ཞུས་པ་ལྟར། མཁས་མཆོག་སི་ཏུ་པཎ་ཆེན་དང་ཐམས་ཅད་མཁྱེན་པ་དངུལ་ཆུ་དྷརྨ་བྷ་དྲ་དཔལ་བཟང་པོའི་བཞེད་པ་བཞིན་སྤེལ་བའོ།།
༄༅། །གཞུང་དེའི་རྩ་བའི་ས་བཅད་ལ། ཐོག་མ་དང་། གཞུང་། མཇུག་གི་དོན་བཅས་གསུམ་ལས་དང་པོ། དང་པོ་ཐོག་མའི་དོན་ལ་མཆོད་བརྗོད་དང་བརྩམ་པར་དམ་འཅའ་གཉིས་ལས། དང་པོ་མཆོད་བརྗོད་ལའང་ལེགས་སྦྱར་སྐད་ནས་མཆོད་པར་བརྗོད་པ་དང་། བོད་སྐད་ནས་མཆོད་པར་བརྗོད་པ་གཉིས་ལས།
དང་པོ་ལེགས་སྦྱར་སྐད་ཐོག་འཇམ་དཔལ་ལ་ཕྱག་འཚལ་བ་ནི། ན་མོ་མཉྫུ་ཤྲཱི་ཡེ། གཉིས་པ་བོད་སྐད་ཐོག་འཇམ་དཔལ་དབྱངས་དང་། རང་གི་བླ་མ་ལ་ཕྱག་འཚལ་བ་ནི།
རྩ་བ་ལས། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་དཔྱིད། །
གཞོན་ནུའི་གཟུགས་[1]ཀྱིས་རྣམ་རོལ་བ། །
རྗེ་བཙུན་[2]བརྟན་པའི་འཁོར་ལོ་དང་། །
                          དབྱེར་མེད་བླ་མའི་[3]ཞབས་བཏུད་ནས། །
རྩ་འགྲེལ། རྒྱལ་ཀུན་ཏེ། དུས་གསུམ་གྱི་རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་ཇི་ལྟ་བ་དང་། ཇི་རྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་དཔྱིད་དེ་དཔལ་ལམ་སྙིང་པོ་འཆང་བའི། བཅུ་དྲུག་ལང་ཚོའི་བདག་ཉིད་ཅན་གྱི་གཞོན་ནུའི་གཟུགས་ཀྱིས་རྣམ་པར་རོལ་བ། དེ་ནི་སུ་ཞེ་ན་རྗེ་བཙུན་བརྟན་པའི་འཁོར་ལོ་སྟེ་ངག་གི་ལྷ་འཇམ་དཔལ་དབྱངས་ཉིད་དང་། དབྱེར་བའམ་ཁྱད་མེད་པའི་རང་གི་བླ་མ་དམ་པ་དངུལ་ཆུ་ཆོས་བཟང་གཉིས་ཀྱི་ཞབས་ཀྱི་པད་མོར་སྒོ་གསུམ་གུས་པས་བཏུད་ནས་ཞེས་པའོ།།
འཕྲོས་དོན།
·        ཚིགས་བཅད་རྐང་པ་ཐ་མའི་ནས་སྒྲའི་གོ་བ་གང་ཞེ་ན། ནས་སྒྲ་དེ་ནི། མཚམས་སྦྱོར་ལྷག་བཅས་ཀྱི་ནང་གསེས་བྱ་བས་བྱ་བ་འདྲེན་པ་ཡིན་ཏེ། ནས་སྒྲའི་གོང་གི་ཕྱག་འཚལ་བའི་བྱ་བས་འདྲེན་བྱའི་བྱ་བ་བརྩམ་པར་དམ་བཅའ་བའི་བྱ་བ་དེ་འདྲེན་པས་ན་བྱ་བས་བྱ་བ་འདྲེན་པའོ།།
·      གཉིས་པ་དམ་བཅའ་བ་ནི། (སྐབས་འདི་ནས་གཞུང་འདིའི་བརྗོད་བྱ་དང་། ཁུངས་གཙོ་བོར་འཆད།)
མཁས་མཆོག་ཐོན་མིའི་ཐུགས་མཚོ་ལས། །
བྱུང་བའི་བརྡ་སྤྲོད་ཕྱི་མོ་[4]མཆོག །
རྟགས་ཀྱི་འཇུག་པའི་སྙིང་པོའི་དོན། །
མདོར་བསྡུས་ཚིག་གིས་གསལ་བར་བྱ། །
རྩ་འགྲེལ། ཁ་བའི་ལྗོངས་ཀྱི་མཁས་པའི་ཁྲོད་ནས་མཐོ་སྒང་སྐར་ཆེན་བཞིན་རྣམ་པར་བཀྲ་བའམ་མཆོག་ཏུ་གྱུར་པ་ཐོན་མི་ཞེས་ཡོངས་སུ་གྲགས་པ་དེའི་ཐུགས་ཀྱི་མཁྱེན་པའི་མཚོ་ཆེན་ལས། མངོན་པར་བྱུང་བའི་བོད་ཀྱི་བརྡ་སྤྲོད་པ་སྟེ་ལུང་དུ་སྟོན་པའི་གཞུང་གི་ཕྱི་མོ་སྟེ་གཞི་མ་ལྟ་བུ་མཆོག་ཏུ་གྱུར་བའི་བདག་ཉིད་ཅན་གྱི་གཞུང་སུམ་རྟགས་གཉིས་ལས། རྟགས་ཀྱི་འཇུག་པའི་གཞུང་དེའི་བསྟན་དོན་སྙིང་པོའམ་བཅུད་ཀྱི་དོན་རྣམས། རྒྱས་བཤད་ཀྱིས་མ་སྤྲོས་པར་མདོར་བསྡུས་ཚིག་གིས་བློ་གསར་རྣམས་ཀྱི་ཆེད་ཉུང་ངུ་གསལ་བར་བྱའོ་ཞེས་པའོ།།
འཕྲོས་དོན།
·        བརྩམ་པར་དམ་བཅའ་དགོས་དོན།
·        གཞུང་མཚམས་འདི་ནས་དཀའ་གནད་གསལ་བའི་མེ་ལོང་འདི་བརྩམ་དགོས་དོན་དང་། དེའི་བརྗོད་བྱ། དེ་བཞིན་དེའི་ཁུངས་བཅས་བསྟན་ཏེ། དང་པོ་བརྩམ་དགོས་དོན་ནི། རྟགས་ཀྱི་འཇུག་པའི་དོན་རླིང་བ་རྣམས་མདོར་བསྒྲིལ་ཏེ་གོ་རྟོགས་གསལ་བར་བྱ་བའི་ཕྱིར་བརྩམས་པ་དང་། གཉིས་པ་བརྗོད་བྱ་ནི། བོད་ཀྱི་བརྡ་སྤྲོད་པའི་གཞུང་དག་གི་ནང་ནས། ཕྱི་མོར་གྱུར་བ་སུམ་རྟགས་གཉིས་ནས་སྐབས་དོན་རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་ནི་གཞུང་འདིའི་བརྗོད་བྱ་ཡིན། གསུམ་པ་གཞུང་དེའི་ཁུངས་ནི། སློབ་དཔོན་ཐོན་མིས་མཛད་པའི་རྟགས་ཀྱི་འཇུག་པའི་གཞུང་ཉིད་ཡིན་པའང་འདི་ནས་རྟོགས་པར་གྱུར་རོ།།

གཉིས་པ་གཞུང་དོན་(དངོས་)ལ་གཉིས། བོད་ཡིག་སྤྱིའི་རྟགས་ཀྱི་དབྱེ་བ་དང་། ནང་གསེས་(ཡི་གེའི་བྱེ་བྲག་སོ་སོའི་) རྟགས་ཀྱི་དབྱེ་བ་གཉིས་ལས། དང་པོ་(བོད་ཡིག་སྤྱིའི་རྟགས་ཀྱི་དབྱེ་བ་) ནི།
སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ། །
·        སྤྱིར་དབྱངས་ལ་མོ་དང་གསལ་བྱེད་ལ་ཕོར་བཏགས་དགོས་དོན་ནི། ཨ་ཀྱ་ཡོངས་འཛིན་གྱིས་གསལ་བྱེད་རྣམས་རྗོད་པའི་རླུང་ཤུགས་གསལ་ཞིང་གྲིམ་པས་ཕོ་ཡིག་དང་། དབྱངས་ཡིག་བཞི་རྗོད་པའི་རླུང་ཤུགས་མི་གསལ་ཞིང་ལྷོད་པས་སྤྱིར་མོ་ཡིག་ཏུ་གསུངས་སོ།། [5]ཞེས་གསུངས་པ་ལྟར་མདོར་ན་སྒྲ་རྩོལ་འཇམ་པའི་ཆ་ནས་དབྱངས་རྣམས་མོ་དང་། སྒྲ་རྩོལ་རྩུབ་པའི་ཆ་ནས་གསལ་བྱེད་རྣམས་ཕོར་བཏགས་སོ།།
·        སྤྱིར་བོད་ཀྱི་བརྡ་སྤྲོད་པའི་གཞུང་དག་ན་དབྱངས་གསལ་གཉིས་ཀྱི་མཚན་ཉིད་དུ། དང་པོ་དབྱངས་ཀྱི་མཚན་ཉིད་ནི་ང་རོའིི་རྣམ་པ་ཅན་གྱིི་ཆ་ནས་བཞག་པའི་ཡི་གེ་དང་། གཉིས་གསལ་བྱེད་ནི། རང་གྲོགས་དབྱངས་དང་སྦྱར་ནས་རང་གི་བརྗོད་དོན་གསལ་བྱེད་པའི་ཡི་གེ་ཞེས་འདོད་ཀྱང་། དེ་ལ་ཞིབ་པར་བལྟས་ན་ད་དུང་དཔྱད་རྒྱུ་ཡོད་དེ། སྤྱིར་བོད་ཁམས་ཀྱི་མཁས་པའི་ཁྲོད་དུ་དབྱངས་ལྔ་དང་བཞིར་འདོད་པའིི་བཞེད་པ་མི་འདྲ་བ་འགའ་ཞིག་ཡོད་པས། གཅིག་ཏུ་ད་ལྟའི་ཆར་ཕྲན་ལ་དབྱངས་ལྔ་དང་བཞི་གང་འཐད་ཅེས་དྲིས་ན་ལན་ཞུ་རྒྱུ་མེད་མོད།
འོན་ཀྱང་འདོད་ཚུལ་གཉིས་པོ་དེ་ལ་གཞི་བྱས་ནས་བལྟས་ན་དབྱངས་གསལ་གཉིས་པོ་མཚན་ཉིད་ལུགས་གཉིས་པོས་གཅིག་མཐུན་དུབཞེད་ཐབས་གཏན་ནས་བྲལ། གང་ཡིན་ཞེ་ན་ལྔར་འདོད་པ་དག་གིས་སྲོག་ཞུགས་ཁས་བླངས་པས། གང་ཞིག་སྲོག་ཞུགས་བཞེད་ཕྱིན་གསལ་བྱེད་དག་དབྱངས་དང་མ་འགྲོགས་པར་རང་སྟོབས་ཀྱིས་སྒྲ་དབྱུང་ཐབས་མེད་པར་ཤུགས་ཀྱིས་གྲུབ་པས་དེར་བརྟེན་ལུགས་འདི་ལ་བལྟས་ནས་མཚན་ཉིད་ཅིག་བཞག་ན། དང་པོ་དབྱངས་ནི། རང་སྒྲ་མི་གསལ་བའི་ཆ་དང་རང་སྒྲ་གསལ་བའི་ཆ་སྟེ་ཕོ་ཡིག་དང་སྦྱར་བ་ན་ཕོ་ཡིག་སོ་སོའི་སྒྲ་འབྱིན་པའིི་ནུས་པ་དང་ལྡན་པའིི་ཡི་གེ་དང་།  གཉིས་པ་གསལ་བྱེད་ནི། རང་གྲོགས་དབྱངས་དང་སྦྱར་ནས་རང་གི་བརྗོད་དོན་གསལ་བྱེད་པའི་ཡི་གེའོ་ཞེས་བརྗོད་དགོས་པར་སེམས།
གཉིས་པ་དབྱངས་བཞིར་འདོད་པ་དག་གི་ལུགས་ལ་དབྱངས་གསལ་གྱི་མཚན་ཉིད་དུ་དང་པོ་དབྱངས་ཀྱི་མཚན་ཉིད་ནི། རང་སྒྲ་མི་གསལ་ཞིང་རང་གྲོགས་གསལ་བྱེད་དང་སྦྱར་ནས་རང་གི་ང་རོ་འབྱིན་པའི་ཡི་གེ་དེ་དག་ལ་དབྱངས་དང་། གཉིས་པ་གསལ་བྱེད་ནི། གཞན་ལ་བསྟེན་མི་དགོས་པར་རང་སྟོབས་ཀྱིས་རང་སྒྲ་འབྱིན་ནུས་པའི་ཡེ་གེ་ཞེས་གཞག་དགོས་པར་སེམས་ཀྱང་། དཔྱོད་ལྡན་རྣམས་ནས་ད་དུང་ཐུགས་སྣང་མཛད་འཚལ་ཞེས་ཞུ་རྒྱུ་ཡིན།

གཉིས་པ་(ནང་གསེས་(ཡི་གེའི་བྱེ་བྲག་སོ་སོའི་)རྟགས་ཀྱི་དབྱེ་བ་)ལ་གསུམ། མིང་གཞི་ཡེ་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ་དང་། སྔོན་འཇུག་རྟགས་ཀྱི་འཇུག་པ་བཤད་པ། རྗེས་འཇུག་རྟགས་ཀྱི་འཇུག་པ་བཤད་པའོ།།   (དེ་དག་ལས་)དང་པོ་(མིང་གཞི་ཡེ་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ་)ནི།  (རྟགས་ཀྱི་དབྱེ་བ་ལ་དང་པོ་རྟགས་གྲངས་ངོས་བཟུང་བ་ནི།)    དེ་ཕྱིར་ཀཱ་ལི་སུམ་ཅུ་པོ།།                     ཕོ་ཡི་ཡི་གེ་འབའ་ཞིག་ལ།།
ནང་གསེས་སྡེ་ཚན་ལྔར་དབྱེ་སྟེ།།  
(གཉིས་པ་རྟགས་སོ་སོའི་རང་ཁོངས་ཀྱི་ཡེ་གེ་ངོས་བཟུང་བ་ནི།)
ཀ་ཅ་ཏ་པ་ཙ་རྣམས་ཕོ།།   ཁ་ཆ་ཐ་ཕ་ཚ་མ་ནིང་།།      
ག་ཇ་ད་བ་ཛ་ཝ་ཞ།།            ཟ་འ་ཡ་ཤ་ས་རྣམས་མོ།།           
ང་ཉ་ན་མ་ཤིན་ཏུ་མོ།།    ར་ལ་ཧ་ཨ་མོ་གཤམ་སྟེ།།          
ཨ་ནི་མཚན་མེད་ཅེས་ཀྱང་བྱ།།[6]
·      སྔོན་རྗེས་དང་དབྱངས་དེ་བཞིན་མགོ་འདོགས་བཅས་ཀྱི་སྦྱར་གཞིར་གྱུར་པས་ན་མིང་གཞི་ཞེས་བྱ།
·      མཚམས་འདིར་རྟགས་ཀྱི་འཇུག་པའི་གཞུང་ལས་ཕོ་ཡིག་གསལ་བྱེད་ལ་སྡེ་པ་ག་ཚོད་ཡོད་མེད་སྐོར་གསལ་ཡང་འདིར་མ་གསུངས་པའི་རྒྱུ་མཚན་ནི་དེ་ལས་ཁ་གསལ་གསུངས་ཟིན་པས་འདིར་ཡང་སྐྱར་ཟློས་སྐྱོན་དུ་འགྲོ་བར་དྭོགས་ནས་མི་གསུངས་པའོ།།
·      འོ་ན་རྟགས་དག་ཀྱང་འཇུག་པ་ལས་གསུངས་མ་ཟིན་ནམ་ཞེ་ན། གསུངས་ཟིན་མོད་ཀྱང་ཁ་གསལ་མི་གསལ་བས་འདིར་དགོས་པའི་དབང་གིས་ཁ་གསལ་བཅོས་ཏེ་སླར་ཡང་གསུངས་པ་ལགས་པས་སྐྱོན་མེད་དོ།།
·      ལོ་ཆེན་ནམ་བཟང་དང་། ཞ་ལུ་ལོ་ཙ་བ། རྣམ་གླིང་པཎ་ཆེན་བཅས་ཀྱིས་ཨ་ཡིག་ཉིད་རྟགས་མེད་དུ་འདོད་པ་དང་། པྲ་ཏི་རིན་ཆེན་དོན་གྲུབ་དང་། ཨ་ཀྱཱ་ཡོངས་འཛིན། རྣམ་གླིང་བཅས་ཀྱིས་མོ་གཤམ་མམ་མ་ནིང་མཚན་མེད་དུ་འདོད། དེ་ལྟར་འདོད་པའི་རྒྱུ་མཚན་ནི་མཚམས་འདིའི་རྩ་བ་ཡང་དེ་དག་གིས་སི་ཏུ་བཞིན་མིན་པར། ར་ལ་ཧ་ནི་མོ་གཤམ་སྟེ།། མ་ནིང་ཚད་མེད་ཅེས་ཀྱང་བྱ།། གསལ་བར་བཞེད་དོ།།
ཡང་རྣམ་གླིང་གིས་ཨ་ཉིད་ཕོ་རྟགས་སུ་འདོད་པ་དེ་འདྲ་ཡོད་རུང་། དེ་དག་གི་ལན་དུ་འགྲེལ་ཆེན་ལས་རྟགས་ཀྱི་འཇུག་པའི་གཞུང་མཚམས་འདིར་རྒྱས་པར་གསུངས་ཡོད་པས་འདིར་སླར་ཡང་སྤྲོས་པའི་ངལ་མི་བྱས་དེ་ཙམ་གྱིས་འཐུས་པར་བྱེད་དོ།།

གཉིས་པ་སྔོན་འཇུག་རྟགས་ཀྱི་འཇུག་པ་བཤད་པ་ལ་གཉིས། རྟགས་ཀྱི་དབྱེ་བ་དང་། རྟགས་ཀྱི་འཇུག་ཚུལ་ལོ།། དང་པོ་(སྔོན་འཇུག་རྟགས་ཀྱི་དབྱེ་བ་)ནི། (སྔོན་འཇུག་རྟགས་ཀྱི་དབྱེ་བ་ལ་ཡང་དང་པོ་སྔོན་འཇུག་གི་གྲངས་ངོས་བཟུང་བ་དང་།)
སྔོན་འཇུག་ལྔ་༌༌༌༌༌༌༌༌
(རྟགས་གྲངས་དང་སྦྲགས་དེ་དག་གི་ཁོངས་གཏོགས་ཡེ་གེ་སོ་སོ་ངོས་བཟུང་བ།)
༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཡི་བ་ཡིག་ཕོ།།            ག་ད་མ་ནིང་འ་མོ་ཡིག།
མ་ནི་ཤིན་ཏུ་མོ་ཡིན་ནོ།།[7] 
·      སྔོན་འཇུག་མཚན་ཉིད་ནི། རང་གི་འཇུག་ཡུལ་མིང་གཞི་ཡི་གེའི་སྔོན་དུ་ཞུགས་པས་ན་སྔོན་འཇུག་ཅེས་བྱ།
·      སྐབས་འདིར་རྟགས་ཀྱི་འཇུག་པ་ལས། མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། ཞེས་པའི་སྐབས་ནས་སྔོན་འཇུག་དབྱུང་ཁུངས་གསལ་བར་བསྟན་ཟིན་པས་འདིར་སྔོན་འཇུག་གི་དབྱུང་ཁུངས་མི་བཤད་པར་ཐད་ཀར་རྟགས་བཞི་པོའི་ངོས་འཛིན་མཛད་པའོ།།
·      འོ་ན་རྟགས་ཀྱི་འཇུག་པ་ལས་སྔོན་འཇུག་རྟགས་ཀྱི་ངོས་འཛིན་གསུངས་མེད་དམ་ཞེ་ན། དེར་རྟགས་ཀྱི་གྲངས་ཙམ་ལས་ལྔ་པོ་སོ་སོའི་རྟགས་ངོས་འཛིན་ཁ་གསལ་མཛད་མེད།
·      འོ་ན་ལྔ་པོ་དེ་དག་གི་རྟགས་དེ་དང་དེ་ཡིན་ཇི་ལྟར་ཤེས་སམ་ཞེ་ན། དེ་ནི་རྟགས་ཀྱི་འཇུག་པའི་སྔོན་འཇུག་གི་གང་ལ་གང་གིས་འཇུག་པ་[8]བཤད་པ་དང་། ཞར་བྱུང་མི་འཇུག་པ་[9]བཤད་པ། དེ་བཞིན་སྔོན་འཇུག་ཅི་ཕྱིར་འཇུག་པའི་གཞུང་[10]བཤད་པའི་སྐབས་བཅས་ཀྱི་རིགས་པ་ལས་སྔོན་འཇུག་ལྔ་པོའི་རྟགས་གང་དང་གང་ཡིན་གསལ་བར་རྟོགས་པའི་ཕྱིར། ད་བར་སྔོན་འཇུག་གི་རྟགས་ལ་མིང་རྗེས་གཉིས་ཀྱི་རྟགས་བཞིན་མཁས་པ་རྣམས་བཞེད་པ་མི་མཐུན་པ་མ་བྱུང་བར་མཐུན་པར་བྱུང་བའི་གནད་ཀྱང་འདི་རང་ལས་མ་འདས།

གཉིས་པ་(རྟགས་ཀྱི་)འཇུག་ཚུལ་ལ་གསུམ། གང་ལ་འཇུག་པ་དང་། གང་གིས་འཇུག་པ་ཐུན་མོང་དུ་བཤད་པ་དང་། ཇི་ལྟར་འཇུག་པ་བཤད་པ་དང་། ཅི་ཕྱིར་འཇུག་པ་བཤད་པའོ[11]།།
དང་པོ་(གང་ལ་འཇུག་པ་དང་། གང་གིས་འཇུག་པ་ཐུན་མོང་དུ་བཤད་པ། )ནི།
དེ་རྣམས་གང་ལ་གང་འཇུག་ནི།།         ཕོ་ཡིག་བ་ནི་ཀ་ཅ་ཏ།།
ཙ་ག་ང་ཇ་ཉ་ད་ན།།                        ཛ་ཞ་ཟ་ར་ཤ་སར་འཇུག།
མ་ནིང་ག་ནི་ཅ་ཏ་ཙ།།                 ཉ་ད་ན་ཞ་ཟ་ཡ་ཤ།
སར་འཇུག་མ་ནིང་ད་ཡིག་ནི།།          ཀ་པ་ག་བ་ང་མར་འཇུག།
མོ་ཡིག་འ་ནི་ག་ཇ་ད།།                བ་ཛ་ཁ་ཆ་ཐ་ཕ་ཚར།།
ཤིན་ཏུ་མོ་ཡི་མ་ཡིག་ནི།།              ཁ་ཆ་ཐ་ཚ་ག་ཇ་ད།།
ཛ་ང་ཉ་ན་རྣམས་ལ་འཇུག། [12]     
·      འོན་ཀྱང་མཚམས་འདིར་རྟགས་ཀྱི་འཇུག་པ་བཞིན་ཞར་བྱུང་མི་འཇུག་པ་མི་བཤད་པའི་དགོས་པ་ནི་གང་ཞེ་ན། འདིར་རྟགས་འཇུག་བཞིན་བསྡུས་པོ་མ་ཡིན་པར་མིང་གཞི་ཡི་གེ་གང་དང་གང་ལ། སྔོན་འཇུག་གང་དང་གང་གིས་འཇུག་པ་ཡི་གེ་རེ་རེ་བཞིན་ཁ་གསལ་འཆད་ཟིན་པར་བརྟེན་མི་འཇུག་པའི་ས་བཅད་དམིགས་བསལ་དགོས་གལ་མེད་པས་མ་གསུངས་པའོ།།
·      སྐབས་འདིར་སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་མིང་གཞི་དེ་མགོ་འདོགས་དབྱངས་གསུམ་གྱི་མ་བཅིངས་པའི་རྐྱང་པ་ཁོ་ན་ཡིན་ནམ་ཡང་ན་གང་ཡིན་ཞེ་ན། སི་ཏུས་སྐབས་འདིར། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌འདིར་བསྟན་གཙོ་ཆེ་ཆུང་གི་དབང་དུ་བྱས་ན་བདེན་མོད། སྤྱིར་བཏང་ཙམ་ལ་མིི་རུང་བའི་རྒྱུ་མཚན་ཅིའང་བཤད་དུ་མེད་དོ།།[13] སོགས་རྒྱས་པར་གསུངས་པ་ལྟར་ལགས་པས་མདོར་ན་སི་ཏུའི་ལུགས་ལ། དཔེར་ན། (བསྒྲུབས)ལྟ་བུ་ཞིག་ཆ་མཚོན་ན། སྔོན་རྗེས་བ་གཉིས་ཀྱི་འཇུག་ཡུལ་གཙོ་བོ་ག་ཉིད་ལས་མ་འདས་ཀྱང་། མགོ་ཅན་ས་དང་། འདོགས་ཅན་ར་བཏགས། དེ་བཞིན་དབྱངས་བཅས་ཀྱང་སྤྱིར་བཏང་ཙམ་གྱིས་དབང་དུ་བཏང་ན་སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་མིན་པའི་རྒྱུ་མཚན་ལྷག་པོ་གང་ཡང་བཤད་རྒྱུ་མེད་པས་དེ་དག་ཀྱང་མིང་གཞིའི་ཆ་ལག་ལྟ་བུར་འདོད་ཀྱང་འགལ་མེད་པར་བཞེད་དོ།།

གཉིས་པ་(ཇི་ལྟར་འཇུག་པ་བཤད་པ་)ནི། (དྲི་བས་མཚམས་སྦྱར་བ།)
ཇི་ལྟར་འཇུག་པར་བྱེད་ཅེ་ན།།         
(ལན་འདེབས།)
ཕོ་ནི་སྒྲ་རྩོལ་དྲག་པར་འཇུག།           མ་ནིང་རན་པར་འཇུག་པ་ཡིན།།           
མོ་ནི་ཞན་པའི་ཚུལ་གྱིས་ཏེ།།            ཤིན་ཏུ་མོ་ནི་མཉམ་པ[14]ས་སོ། །[15]

·      གཞུང་འདི་ནས་སྔོན་འཇུག་ཕོ་བ་ཡིག་སོགས་ལྔ་པོ་ལ་ཕོ་མོ་སོགས་བཏགས་པའི་དགོས་པ་ཡང་འདི་ནས་རྟོགས་པར་འགྱུར་རོ།།
·      འོ་ན་སྔོན་འཇུག་གི་རྟགས་རྣམས་སྔོན་འཇུག་གི་ཡི་གེ་སོ་སོའི་རང་སྒྲ་ལས་བཏགས་པ་མ་ཡིན་ནམ་ཞེ་ན། གོང་དུ་ཞུས་པ་བཞིན་དེ་དག་ནི་རང་སྒྲ་ལས་མི་བཏགས་པར་རང་གི་འཇུག་ཡུལ་མིང་གཞི་ཡེ་གེ་དང་སྦྱར་ནས་སམ་མིང་གཞི་ཡི་གེ་ལ་ཞུགས་པའི་ཚེ་སྒྲ་རྩོལ་དྲག་ཞན་འགྱུར་ཚུལ་གྱི་ཆ་ནས་བཏགས་པའོ།།
·      ཞ་ལུ་དང་རྣམ་གླིང་སོགས་ཀྱིས་མཉམ་པ་ཞེས་པ་དྲག་ཞན་མཉམ་པའི་དོན་དུ་བཞེད་ཀྱང་། དེའི་ལན་དུ་སི་ཏུས་(དེ་ལྟ་ན་མ་ནིང་གི་འཇུག་ཚུལ་དང་ཟློས་པར་འགྱུར།)[16]ཞེས་གསུངས་པ་ཉིད་དོན་ལའང་གནས་པར་སེམས་སོ།།
གསུམ་པ་སྔོན་འཇུག་ཅི་ཕྱིར་འཇུག་པ་བཤད་པ་ལ་གཉིས།[17] སྤྱིར་བདག་གཞན་དུས་གསུམ་ངོ་སྤྲོད་པ། བྱེ་བྲག་ཏུ་སྔོན་འཇུག་སོ་སོའི་འཇུག་ཡུལ་བཤད་པའོ།། དང་པོ་(སྤྱིར་བདག་གཞན་དུས་གསུམ་ངོ་སྤྲོད་པ་)ལ། བདག་གཞན་གྱི་རྣམ་བཞག་ངོ་སྤྲོད་བཤད་པ་དང་། དུས་གསུམ་གྱི་རྣམ་བཞག་ངོ་སྤྲོད་བཤད་པ་དང་། བདག་གཞན་ལས་དུས་གསུམ་ཁྱབ་ཆེ་བཤད་པ་དང་། དུས་གསུམ་ལས་ལོགས་སུ་བདག་གཞན་དབྱེ་བའི་དགོས་པ་བཤད་པ་དང་། བདག་གཞན་ལས་ལོགས་སུ་དུས་གསུམ་དབྱེ་བའི་དགོས་པ་བཤད་པ་དང་། བདག་དོན་ཕལ་པ་བཤད་པ་དང་དྲུག་(ལས།) དང་པོ་(བདག་གཞན་གྱི་རྣམ་བཞག་ངོ་སྤྲོད་བཤད་པ་)ནི། (དེ་ལའང་དྲི་བས་མཚམས་སྦྱར་ཞིང་ལན་གྱི་གླེང་སློང་བ།)
ཅི་ཕྱིར་འཇུག་ཅི་ཕྱིར་འཇུག་པར་བྱེད་ཅེ་ན།།      ཐོག་མར་འདི་ལྟར་ཤེས་དགོས་ཏེ།།
·       ཅི་ཕྱིར་འཇུག་པའི་གཞུང་འདི་མ་བཤད་པའི་སྔ་རོལ་དུ་བདག་གཞན་དུས་གསུམ་དང་། བྱ་བྱེད་ལས་གསུམ་གྱི་རྣམ་བཞག་ཁ་གསལ་མ་བྱུང་ཚེ་གཞུང་འདིའི་བསྟན་དོན་ཇི་བཞིན་རྟོགས་དཀའ་བར་གཟིགས་ནས་ཐོག་མར་སྤྱི་བཤད་ཀྱི་ཚུལ་དུ་བདག་གཞན་དུས་གསུམ་ངོས་འཛིན་དང་། ཁྱབ་ཚད་སོགས་སྔ་རོལ་དུ་གསུང་པར་འདོད་དེ།
(བདག་གཞན་གྱི་རྣམ་བཞག་ངོ་སྤྲོད་བཤད་པ་དངོས་ནི།)
ལས་གང་ཞིག་ལ་བྱེད་པ་པོ།།            གཞན་དང་དངོས་སུ་འབྲེལ་བ་ཡི།།
དབང་དུ་བྱས་ནས་བྱེད་པོ་དང་།།   དེ་ཡི་བྱེད་པ་གཉིས་པོ་ནི།།
དངོས་པོ་བདག་ཡིན་བྱ་ཡུལ་དང་།། བྱ་བ་གཉིས་པོ་དངོས་པོ་གཞན། །
·       བདག་གཞན་དེ་བྱེད་འབྲེལ་ལས་ཚིག་མ་གཏོགས་བྱེད་མེད་ལས་ཚིག་གཞག་རྒྱུ་མེད།

བདག་གཞན་ངོ་སྤྲོད་ཀྱི་རེའུ་མིག
ཨང་།
དཔེ་གཞི།
མིང་རྐྱང་།
གསལ་བཤད།
བྱ་ཚིག་ལས་གྲུབ་པའིི་མིང་དང་། བྱ་ཚིག
བདག་གཞན་ངོས་འཛིན།
ཟུར་བརྗོད།
བཀྲ་ཤིས་ཀྱིས་དེབ་ཏུ་ཡི་གེ་བྲིས།
བཀྲ་ཤིས།

མིང་རྐྱང་གི་བྱེད་པོ་ལས་བདག་མིན་ལ་བདག་གི་ཁོངས་སུ་ཡང་མི་བསྡུ།
འབྲི་བ་པོ།
བདག་དངོས།

བྱ་ཚིག་ད་ལྟ་བ་སྟེ། འབྲི་བར་བྱེད།
བདག་གི་ཁོངས་སུ་བསྡུ།

ཡི་གེ
མིང་རྐྱང་ལས་གྲུབ་པའི་བྱ་ཡུལ་ལས་གཞན་མིན་ལ་གཞན་གྱི་ཁོངས་སུ་ཡང་མིི་བསྡུ།
བྲི་བྱའམ་བྲི་རྒྱུ།
གཞན་དངོས།

བྱ་ཚིག་མ་འོངས་པ་སྟེ། བྲི་བར་བྱ།
གཞན་གྱི་ཁོངས་སུ་བསྡུ།

དེབ།
མིང་རྐྱང་ལས་གྲུབ་པའི་བྱ་ཡུལ་ལས་གཞན་མིན་ལ་གཞན་གྱི་ཁོངས་སུ་ཡང་མིི་བསྡུ།

བྱ་ཡུལ་ལ་བྲི་ས་དང་བྲི་རྒྱུ་གཉིས་ལས་འདི་ནི་བྲི་ས་ལ་གོ་དགོས།
྾ ྾ ྾
བདག་གཞན་གཉིས་ལས་གཞན་མིན། གང་ཞེ་ན་གཞན་ཡིན་ན་མ་འོངས་པའི་བྱ་ཚིག་གང་ཞིག་རྒྱུའམ་ཡས་གཉིས་ཚིག་གྲོགས་ཅན་ཡིན་དགོས་པ་ལས། ཚིག་གྲོགས་ས་ཅན་འདི་གཞན་དུ་ནམ་ཡང་འཇུག་མི་རུང་།
·       སའི་ཚིག་གྲོགས་ཅན་གྱི་(བྲི་ས་)ཞེས་པ་བྱ་ཡུལ་གང་ཞིག་རྣམ་དབྱེ་གཉིས་པའི་བྱ་ཡུལ་ལས། བདག་གཞན་གཉིས་ལས་གཞན་ལ་བྱ་ཡུལ་ཞེས་པའི་བྱ་ཡུལ་དེ་འདི་ལ་གོ་མི་རུང་། འོ་ན་བདག་གཞན་གཉིས་ལས་གཞན་མཚོན་བྱེད་ཀྱི་བྱ་ཡུལ་དེ་ལ་ཚིག་གྲོགས་གང་འཇུག་གམ་ཞེ་ན། རྒྱུའམ་ཡས་ལྟ་བུ་འཇུག་སྟེ་དཔེར་ན། བྲི་རྒྱུའམ་བྲི་ཡས་ཞེས་པ་ལྟ་བུའོ།།
ཞོར་དུ་བྱ་བྱེད་ལས་གསུམ་ངོ་སྤྲོད་ཀྱི་རེའུ་མིག
འབྲི་བ་པོ།
བདག་དངོས།
བྱེད།
བྱ་ཚིག་ད་ལྟ་བ་སྟེ། འབྲི་བར་བྱེད།
བདག་གི་ཁོངས་སུ་བསྡུ།
བྱ།
བྲི་བྱའམ་བྲི་རྒྱུ།
གཞན་དངོས།
ལས།
བྱ་ཚིག་མ་འོངས་པ་སྟེ། བྲི་བར་བྱ།
གཞན་གྱི་ཁོངས་སུ་བསྡུ།
བྱ།
·       བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་སོ་སོར་བཀྲལ་བའི་དགོས་པ་གང་ཡོད་ཅེ་ན། བདག་གཞན་དངོས་གང་དང་གང་ཡིན་མིན་དང་། དེ་དག་སོ་སོའི་ཁོངས་སུ་གང་དང་གང་བསྡུས་ཡོད་མེད་ཤེས་ཕྱིར་སོ་སོར་བཤད་པའོ།།
གཉིས་པ་(དུས་གསུམ་གྱི་རྣམ་བཞག་ངོ་སྤྲོད་བཤད་པ་)ནི།
དེ་བཞིན་བྱེད་པ་པོ་གཞན་དང་།།   དངོས་སུ་འབྲེལ་མིན་ཇི་ལྟར་ཡང་།།   
བྱ་བ་བྱས་ཟིན་འདས་པ་དང་།།    བྱ་བ་བྱེད་འགྱུར་མ་འོངས་དང་།།    
བྱེད་བཞིན་པ་ནི་ད་ལྟ་བ།།
ཤིང་སོགས།
མ་འོངས།
ད་ལྟ།
འདས་པ།
སྐུལ་ཚིག
བྱེད་འབྲེལ།
གཅད།
གཅོད།
བཅད།
ཆོད།
བྱེད་མེད་ལས་ཚིག
ཆད།
ཆད།
ཆད།

·       སྤྱིར་དུས་ཀྱི་དུས་གསུམ་དང་། བྱ་ཚིག་དུས་གསུམ་གཉིས་སུ་ཡོད་པ་དེ་གཉིས་དབར་ལ་ཁྱད་པར་གང་ཡོད་ཅེ་ན། སྤྱིར་དུས་གསུམ་དུས་རེ་རེ་ལའང་བྱ་ཚིག་གི་དུས་གསུམ་སྦྱར་རྒྱུ་ཡོད་ཀྱང་། བྱ་ཚིག་གིི་དུས་གཅིག་ལ་དུས་ཀྱི་དུས་གསུམ་གཞག་རྒྱུ་མེད་པའི་ཁྱད་པར་ཡོད་པར་སེམས།
གསུམ་པ་(བདག་གཞན་ལས་དུས་གསུམ་ཁྱབ་ཆེ་བཤད་པ་ནི།)
དེ་ཕྱིར་དུས་གསུམ་དབྱེ་བས་ནི།།         བྱེད་ལས་དང་འབྲེལ་ངག་གི་ནི།།
སྦྱོར་བ་ཀུན་ལ་ཁྱབ་པ་ཡིན། །
བཞི་པ་(དུས་གསུམ་ལས་ལོགས་སུ་བདག་གཞན་དབྱེ་བའི་དགོས་པ་བཤད་པ་)ནི།
བདག་གཞན་དབྱེ་བས་དེ་ཙམ་དུ།། ཁྱབ་པ་མིན་ཡང་བྱེད་པོ་དང་།།
བྱ་ཡུལ་བསྡུ་ཕྱིར་དབྱེ་བ་དེ།།            མཛད་ནས་བདག་གཞན་དང་འབྲེལ་བའི།།
བྱ་བྱེད་རྣམས་ཀྱང་དེ་ཁོངས་བསྡུས།།
ལྔ་པ་(བདག་གཞན་ལས་ལོགས་སུ་དུས་གསུམ་དབྱེ་བའི་དགོས་པ་བཤད་པ་)ནི།
དེས་ན་དུས་གསུམ་དུ་དབྱེ་བ།།          བདག་གཞན་དབྱེ་བས་མ་ཁྱབ་པ།།
བསྡུ་བའི་དོན་དུ་ཤེས་དགོས་པར།།
དྲུག་པ་(བདག་དོན་ཕལ་པ་བཤད་པ་)ནི།
གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས།།         བྱེད་ལས་ཙམ་དང་འབྲེལ་བ་ཡི། །
དངོས་པོ་བདག་ལའང་འཇུག་པ་མཐོང་། །

བདག་དོན་ཕལ་པ་ངོ་སྤྲོད་ཀྱི་རེའུ་མིག
དཔེར་བརྗོད།
བདག
གཞན། ྾ ྾
ཟུར་བརྗོད།
ང་བོད་ལ་འགྲོ་གི་ཡིན་ཞེས་པ་ལྟ་བུ་ཞིག་ལ་མཚོན་ན།
(ང་)འགྲོ་བ་པོ་ཡིན་པས་བདག་ཙམ་གཞག་རྒྱུ་ཡོད།
བྱ་ཚིག་འདི་ལ་འགྲོ་ས་ལས་འགྲོ་རྒྱུའམ་འགྲོ་ཡས་ལོགས་སུ་གཞག་རྒྱུ་མེད་པས་གཞན་མེད།
དེར་བརྟེན་བདག་གཞན་གཉིས་ལས་དངོས་སུ་འགྱུར་བ་ལ་དེ་ལ་ལྟོས་ཏེ་གཞན་ཞིག་བཞག་རྒྱུ་ཡོད་དགོས་པ་ལ་བྱ་ཚིག་འདི་ལ་གཞག་རྒྱུ་མེད་པས་བདག་དོན་ཕལ་པར་དབྱངས་ཅན་གྲུབ་པའི་རྡོ་རྗེས་བཞེད་དོ།།
·       བདག་དོན་ཕལ་པ་འདི་དབྱངས་ཅན་གྲུབ་པའི་རྡོ་རྗེ་གསར་བཤད་ཙམ་དུ་མ་ཟད་དཀའ་གནད་ཅིག་ཀྱང་ཡིན།
·       བདག་དོན་ཕལ་པ་འདི་ངོས་འཛིན་གནང་པ་ནས་བཟུང་བྱེད་འབྲེལ་ལ་བདག་གཞན་གཉིས་ཙམ་དུ་མ་ཟད་ད་དུང་གཞན་གཞག་རྒྱུ་མེད་པའི་བདག་ཙམ་
གཉིས་པ་བྱེ་བྲག་ཏུ་སྔོན་འཇུག་སོ་སོའི་འཇུག་ཡུལ་བཤད་པ་(ལ་)གཉིས་ཏེ། རྟགས་འཇུག་གི་རྩ་བའི་དངོས་བསྟན་གྱི་འཇུག་ཡུལ་སྒྲུབ་ཕྱོགས་ནས་བཤད་པ་དང་། ཤུགས་བསྟན་མི་འཇུག་པའི་ཁྱབ་མཐའ་དགག་ཕྱོགས་ནས་བཤད་པ་གཉིས། དང་པོ་(རྟགས་འཇུག་གི་རྩ་བའི་དངོས་བསྟན་གྱི་འཇུག་ཡུལ་སྒྲུབ་ཕྱོགས་ནས་བཤད་པ་[18])ལ། ཕོ་ཡིག་གི་དགོས་པ་དང་། གཉིས་པ་མ་ནིང་ག་ད་གཉིས་ཀྱི་དགོས་པ་དང་། གསུམ་པ་མོ་འ་ཡིག་གི་དགོས་པ་དང་། བཞི་པ་ཤིན་ཏུ་མོ་མ་ཡིག་གི་དགོས་པ་བཤད་པ་དང་བཞི་(ལས་)

(དང་པོ་ཕོ་ཡིག་གི་དགོས་པ་ནི།)
དེ་ལྟར་ངེས་ནས་ཕོ་ཡིག་བ།།            བསྒྲུབས་སོ་ལྟ་བུ་འདས་པ་དང་།།
བསྒྲུབ་བྱའི་ལྷ་དང་བསྒྲུབ་པར་བྱ།། ཞེས་སོགས་དངོས་པོ་གཞན་ལ་འཇུག།
·       ད་ལྟའི་ཚིགས་བཅད་ཤོ་ལོ་ཀ་གཅིག་པོ་དེ་ནི་རྟགས་ཀྱི་འཇུག་པའི་རྩ་བ་ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། ཞེས་པའི་འགྲེལ་པ་ཡིན།
·       མཚམས་འདི་ནས་དུས་གསུམ་སྤྱིའི་འདས་པ་དང་། བྱེ་བྲག་དང་ཐོར་བུའི་འདས་མ་འོངས་གཉིས་སྔོན་འཇུག་གཙོ་བོ་གང་ཡིན་མིན་ཀྱང་བསྟན་པ་ཡིན།
(གཉིས་པ་མ་ནིང་ག་ད་གཉིས་ཀྱི་དགོས་པ་དང་)
མ་ནིང་ག་ད་གཉིས་པོ་ནི། །             གཅོད་པ་པོ་དང་གཅོད་པར་བྱེད། །
གཅོད་པར་འགྱུར་དང་དཀྲི་བ་པོ། །       དཀྲི་བར་བྱེད་དང་དཀྲི་བར་འགྱུར། །
ཞེས་སོགས་དངོས་པོ་བདག་དོན་དང་། །   གཅད་བྱའི་ཤིང་དང་གཅད་པར་བྱ། །
དཀྲི་བྱའི་སྣལ་མ་དཀྲི་བར་བྱ། །         ཞེས་སོགས་དངོས་པོ་གཞན་དོན་དང་། །
གཅོད་བཞིན་པ་དང་དཀྲི་བཞིན་པ། །           ཞེས་སོགས་ད་ལྟ་བསྒྲུབ་ཆེད་འཇུག །
·       ད་ལྟའི་ཚིགས་བཅད་ཤོ་ལོ་ཀ་གཉིས་དང་ཕྱེད་ཀ་དེ་ནི་རྟགས་ཀྱི་འཇུག་པའི་རྩ་བ་ལས། མ་ནིང་གཉིས་ཀ་ད་ལྟར་ཆེད།། ཅེས་པའི་འགྲེལ་པ་ཡིན།
·       མཚམས་འདི་ནས་དུས་གསུམ་སྤྱིའི་མ་འོངས་ད་ལྟ་དང་། སྤྱི་ཆ་འདྲའི་མ་འོངས་ད་ལྟ་གཉིས་བཅས་ཀྱི་སྔོན་འཇུག་གཙོ་བོ་གང་ཡིན་མིན་ཀྱང་བསྟན་པ་ཡིན།

(གསུམ་པ་མོ་འ་ཡིག་གི་དགོས་པ་ནི)
མོ་ཡིག་འ་ནི་འཆད་པ་པོ། །                  འཆད་པར་བྱེད་དང་འཆད་པར་འགྱུར། །
ཞེས་སོགས་དངོས་པོ་བདག་དངོས་དང་། །  འགྲོ་བ་པོ་དང་འགྲོ་བར་བྱེད། །
ཅེས་སོགས་བདག་དོན་ཕལ་པ་དང་། །          འཁྱིལ་ལོ་ཞེས་སོགས་ད་ལྟ་དང་། །
འཁྱིལ་བར་འགྱུར་སོགས་མ་འོངས་འཇུག །
·       ད་ལྟའི་ཚིགས་བཅད་ཤོ་ལོ་ཀ་གཅིག་དང་རྐང་པ་གསུམ་གྱིས་རྟགས་ཀྱི་འཇུག་པའི་རྩ་བ་ལས། མོ་ནི་བདག་ད་མ་འོངས་ཕྱིར།། ཞེས་པའི་འགྲེལ་པ་ཡིན།
·       མཚམས་འདི་ནས་དུས་གསུམ་སྤྱིའི་ད་ལྟ་བ་དང་། ཐོར་བུའི་ད་ལྟ་བ། ཁྱབ་མཉམ་ཆ་འདྲའི་ད་ལྟ་བ་དང་མ་འོངས་པ། སྤྱིའི་ཆ་འདྲའི་ད་ལྟ་བ། ཐོར་བུ་ཆ་འདྲའི་ད་ལྟ་བ་བཅས་ཀྱི་སྔོན་འཇུག་གཙོ་བོ་གང་ཡིན་མིན་ཀྱང་བསྟན་པ་ཡིན།

(བཞི་པ་ཤིན་ཏུ་མོ་མ་ཡིག་གི་དགོས་པ་བཤད་པ་ནི།)
ཤིན་ཏུ་མོ་ཡི་མ་ཡིག་ནི། །       བདག་གཞན་དུས་གསུམ་མཉམ་པར་འཇུག །
·       ད་ལྟའི་ཚིགས་བཅད་རྐང་པ་གཉིས་པོས་རྟགས་ཀྱི་འཇུག་པའི་རྩ་བ་ལས། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།། ཞེས་པའི་འགྲེལ་པ་ཡིན།
·       མཚམས་འདི་ནས་དུས་གསུམ་ཁྱབ་མཉམ་གྱི་དུས་གསུམ་གྱི་དག་ཆ་གཙོ་བོ་གང་ཡིན་མིན་བསྟན་པ་ཡིན།
གཉིས་པ་ཤུགས་བསྟན་མི་འཇུག་པའི་ཁྱབ་མཐའ་དགག་ཕྱོགས་ནས་བཤད་པ། རྟགས་འཇུག་རྩ་བར་མོ་འ་ཡིག་འདས་པ་ལ་མི་འཇུག་པར་བཤད་པའི་རྒྱུ་མཚན་དང་། མ་ནིང་ག་ད་གཉིས་འདས་པ་ལ་མི་འཇུག་པ་བཤད་པའི་རྒྱུ་མཚན་དང་། ཕོ་བ་ཡིག་བདག་གམ་ད་ལྟ་བ་ལ་མི་འཇུག་པ་གསུངས་པའི་རྒྱུ་མཚན་དང་གསུམ་མོ།།
དང་པོ་(རྟགས་འཇུག་རྩ་བར་མོ་འ་ཡིག་འདས་པ་ལ་མི་འཇུག་པར་བཤད་པའི་རྒྱུ་མཚན་)ནི།
འོན་ཀྱང་བྱེད་པོ་གཞན་དངོས་དང་།།      འབྲེལ་བའི་འདས་ལ་འའི་སྔོན་འཇུག།
མེད་པར་ངེས་ཤིང་༌༌༌༌༌༌༌༌༌༌༌༌༌༌
·        མཚམས་འདིར་དབྱངས་ཅན་གྲུབ་པའི་རྡོ་རྗེས་བྱེད་འབྲེལ་ལས་ཚིག་གི་འདས་པ་ལ་སྔོན་འཇུག་མེད་པར་ངེས་པ་གསུངས་ཀྱང་། དཔེར་ན་རྗེས་སུ་འབྲངས་ལྟ་བུའི་བྱ་ཚིག་འདི་བྱེད་འབྲེལ་ཡིན་པ་གང་ཞིག་འདས་པ་ལ་འ་སྔོན་འཇུག་པར་བརྟེན་གཅིག་ཏུ་བྱེད་འབྲེལ་ལས་ཚིག་གི་འདས་པ་ལ་འ་སྔོན་མེད་པར་མི་ངེས་སོ་སྙམ།

གཉིས་པ་(མ་ནིང་ག་ད་གཉིས་འདས་པ་ལ་མི་འཇུག་པ་བཤད་པའི་རྒྱུ་མཚན)ནི།
༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ག་ད་ཉུང་།།     
གསུམ་པ་(ཕོ་བ་ཡིག་བདག་གམ་ད་ལྟ་བ་ལ་མི་འཇུག་པ་གསུངས་པའི་རྒྱུ་མཚན་)ནི།
ད་ལྟ་བ་ལ་བའི་སྔོན་འཇུག།            ཉུང་ཞིང་མགོ་ཅན་ད་ལྟ་བར།།
བས་འཕུལ་མེད་པར་ངེས་པ་ཙམ།།       གཞན་ཡང་བས་འཕུལ་ཅན་ཕལ་ཆེར།།
བྱེད་པ་པོ་ནི་ད་ལྟ་དང་།།              བྱ་ཡུལ་མ་འོངས་པར་བསྡུས་ནས།།
(དུས་གསུམ་བྱེ་བྲག་གི་མཚན་ཉིད།)
འདས་ལ་བས་འཕུལ་ཡང་འཇུག་ཡོད།།         ད་ལྟ་བ་ལ་གཉིས་ཀ་མེད།།   
མ་འོངས་འཕུལ་ཡོད་ཡང་འཇུག་མེད།།          སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད།།
·        དུས་གསུམ་བྱེ་བྲག་ཙམ་ལས་གཞན་བདག་གི་མཚན་ཉིད་འདིར་མ་གསུངས་པའི་རྒྱུ་མཚན་གང་ཞེ་ན། ཕལ་ཆེར་བོད་པའི་བྱ་ཚིག་གི་ཁྲོད་དུ་བྱེ་བྲག་རིགས་གཏོགས་མང་བའི་རྒྱུ་མཚན་གྱིས་འདིར་གསུངས་པར་སེམས་སོ།།
(སྤྱིར་བཏང་འགའ་ཞིག་གི་འདས་པ་སྒྲུབ་བྱེད་ས་ཙམ་གྱིས་འཐུས་པར་བསྟན་པ།)
སྐབས་འགར་འདས་དང་སྐུལ་ཚིག་ལ།།          ས་རྐྱང་སྦྱར་བས་འཐུས་པའང་ཡོད། །
·        མཚམས་འདིར་སློབ་དཔོན་གྱིས་ སྤྱིར་བཏང་འགའ་ཞིག་གི་འདས་པ་སྒྲུབ་བྱེད་ས་རྐྱང་གིས་འཐུས་པར་བསྟན་ཀྱང་མ་ཁྱབ་པ་སེམས་ཏེ། བསྐྱེད་ལྟ་བུའི་བྱ་ཚིག་དག་ལ་དས་ཀྱང་འདས་པར་གྲུབ་པ་མཐོང་བའི་ཕྱིར་རོ།།
གསུམ་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་རྟགས་ཀྱི་དབྱེ་བ་བཤད་པ་དང་། རྗེས་འཇུག་རྟགས་ཀྱི་འཇུག་ཚུལ་བཤད་པའོ།། དང་པོ་(རྗེས་འཇུག་རྟགས་ཀྱི་དབྱེ་བ་བཤད་པ་)ནི།
རྗེས་འཇུག་ཡི་གེ་བཅུ་པོ་ཡི།།      ག་ད་བ་ས་བཞི་རྣམས་ཕོ།།
ང་མ་འ་གསུམ་མོ་ཡིན་ཅིང་།།     ན་ར་ལ་གསུམ་མ་ནིང་སྟེ།།[19]
·        སྤྱིར་སི་ཏུའི་སྔ་རོལ་དུ་རྗེས་འཇུག་གི་རྟགས་བཞེད་ཚུལ་ལ་མི་འདྲ་བ་གང་འཚམས་ཡོད་ཀྱང་། ད་ལྟ་སློབ་དཔོན་གྱིས་རྟགས་ཀྱི་བཞེད་པ་འདི་ནི་སི་ཏུའི་བཞེད་པ་གཞིར་བཟུང་བཀོད་པའོ།།
·        རྟགས་ཀྱི་འཇུག་པ་ལས་རྟགས་སོ་སོའི་ཡི་གེ་ངོས་འཛིན་མ་མཛད་པ་དེ་འདིར་ཁ་གསལ་མཛད་པའི་ཁྱད་པར་ཡོད།
གཉིས་པ་(རྗེས་འཇུག་རྟགས་ཀྱི་འཇུག་ཚུལ་བཤད་པ་)ལ་གསུམ། གང་ལ་འཇུག་པ་བཤད་པ་དང་། ཇི་ལྟར་འཇུག་པ་བཤད་པ་དང་། ཅི་ཕྱིར་འཇུག་པ་བཤད་པའོ།། དང་པོ་(གང་ལ་འཇུག་པ་བཤད་པ་)ནི།
མིང་གཞིའི་ཡི་གེ་ཀུན་ལ་འཇུག།[20]
·        མིང་གཞི་ཞེས་པ་གང་ལ་གོ་དགོས་སམ་ཞེ་ན། སྤྱིར་མིང་གཞི་ཞེས་པའི་གོ་ཡུལ་མི་འདྲ་བ་གསུམ་ཡོད་དེ། དབྱངས་གསལ་གཉིས་ལ་མིང་གཞི་དང་། གསལ་བྱེད་ཁོ་ན་ལ་མིང་གཞི། རྗེས་འཇུག་བཅུ་ཕར་ཕུད་པའི་ལྷག་མ་ཉི་ཤུ་བཅས་གསུམ་མོ།། སྐབས་འདིར་བསྟན་གྱི་མིང་གཞི་ནི་སྒྲ་དོག་པའི་དབང་དུ་བཏང་ན་གསལ་བྱེད་ཙམ་ལ་གོ་དགོས་པར་ལྟར་སྣང་རུང་། ཡངས་པའི་དབང་དུ་དེ་གསུམ་ག་བཞག་ཀྱང་མི་འཐད་པ་ཅང་མ་མཐོང་ངོ།།
·        རྟགས་ཀྱི་འཇུག་པ་གང་ལ་དང་། གང་གིས་འཇུག་པའི་ས་བཅད་གཉིས་སུ་བཀྲལ་ཡང་འདིར་གང་ལ་འཇུག་ཙམ་གྱིས་འཐུས་པར་བྱས་སོ།།

གཉིས་པ་(ཇི་ལྟར་འཇུག་པ་བཤད་པ་)ལ་གཉིས། སྒྲའི་འཇུག་ཚུལ་དང་། དོན་གྱི་འཇུག་ཚུལ་ལོ།། དང་པོ་(སྒྲའི་འཇུག་ཚུལ་)ནི།
(ཇི་ལྟར་འཇུག་ཚུལ་སྒྲ་དོན་གྱི་འཇུག་ཚུལ་གཉིས་སུ་ཡོད་པར་ཁས་བླངས་པ།)
ཇི་ལྟར་འཇུག་ཚུལ་གཉིས་ཡིན་ཏེ།།   
(གཉིས་ལས་དང་པོ་སྒྲའི་འཇུག་ཚུལ་དངོས་བཤད་པ།)
   དང་པོ་སྒྲ་ཡི་འཇུག་ཚུལ་ནི།།        
(དང་པོ་སྐྱེས་བུ་རབ།)
ཕོ་ཡི་ག་ཡིག་ཡང་འཇུག་ཅན།།       སྐྱེས་བུ་རབ་དང་༌༌༌༌༌༌༌༌༌
(གཉིས་པ་སྐྱེས་བུ་འབྲིང་།)       ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཕོ་ཡིག་བ།།          ཡང་འཇུག་ཅན་ནི་སྐྱེས་བུ་འབྲིང་།།
(གསུམ་པ་སྐྱེས་བུ་ཐ་མ།) ག་བ་ཡང་འཇུག་མེད་པ་དང་།།       ད་སའི་མཐའ་ཅན་ཐ་མ་སྟེ།།
དྲག་པ་ཕོ་ལའང་ནང་གསེས་ཀྱིས།།           དྲག་ཞན་བར་མ་གསུམ་དུ་དབྱེ།།     
དེ་བཞིན་ཞན་པ་མོ་ལ་ཡང་།།        ནང་གསེས་དྲག་ཞན་གཉིས་དབྱེ་སྟེ།།
(དང་པོ་མོ་ཙམ།)       ང་མ་ཡང་འཇུག་ཅན་མོ་དང་།།      
(གཉིས་པ་ཤིན་ཏུ་མོ།)   ང་མ་ཡང་འཇུག་མེད་པ་དང་།།       འ་མཐའ་ཅན་རྣམས་ཤིན་ཏུ་མོ།།     
བར་མ་མ་ནིང་ན་ར་ལ།།           
(དང་པོ་འགྱུར་བ་མ་ནིང་།)      ཡང་འཇུག་ཡོད་དམ་མེད་ཀྱང་རུང་།།  མིང་གཞི་ཕོ་ཡིག་མཐར་ཡོད་དང་།།
མིང་གཞི་མ་ནིང་རྗེས་སུ་ནི།།         ཡང་འཇུག་དང་བཅས་ཞུགས་པ་ན།།
དྲག་དང་ཕྲད་པས་དྲག་པར་འགྱུར།།   མིང་གཞི་མོ་ཡིག་རྗེས་སུ་ནི།།
ཡང་འཇུག་མེད་པར་ཞུགས་པ་ན།།          ཞན་དང་འཕྲད་པས་ཞན་པར་འགྱུར།།
དེ་གཉིས་འགྱུར་བ་མ་ནིང་ཡིན།།     
(གཉིས་པ་མཚན་གཉིས་མ་ནིང་།)
མིང་གཞི་མོ་ཡིག་རྗེས་སུ་ནི།།         ཡང་འཇུག་དང་བཅས་ཞུགས་པ་ན།།
དྲག་ཞན་གཉིས་ཀའི་ཆ་ལྡན་ཕྱིར།།          མཚན་གཉིས་མ་ནིང་ཞེས་སུ་གྲགས།།
(གཉིས་པ་མཚན་མེད་མ་ནིང་།)
མིང་གཞི་མ་ནིང་རྗེས་སུ་ནི།།         ཡང་འཇུག་མེད་པར་ཞུགས་པ་ན།།   
དྲག་གཞན་གང་དུའང་མི་འགྱུར་བས།། མཚན་མེད་མ་ནིང་ཞེས་སུ་འདོད།།
·        དབྱངས་ཅན་གྲུབ་པའི་རྡོ་རྗེའི་འགྱུར་བ་མ་ནིང་དང་། མཚན་མེད་མ་ནིང་གི་བཞེད་ཚུལ་གཉིས་ཀྱི་སྐབས་སུ་སི་ཏུ་དང་ཅུང་ཟད་མི་འདྲ།

ས་འཇུག་ནང་གསེས་རྟགས་བརྒྱད་ངོ་སྤྲོད་ཀྱི་རེའུ་མིག
སྤྱི་རྟགས།
ནང་གསེས་རྟགས།
རྗེས་འཇུག
དཔེར་བརྗོད།



ཕོ།

སྐྱེས་བུ་རབ།
ཡང་འཇུག་ཅན།
ལགས།
འབྲིང་།
ཡང་འཇུག་ཅན།
བསླབས།
ཐ་མ།
ཡང་འཇུག་མེད་པ།

དག
ལབ།
ད།
མཐའ་ཅན།
དད།
ལས།



མོ།
མོ་ཙམ།
ང་།
ཡང་འཇུག་ཅན།
ཟངས།
མ།
ཡང་འཇུག་ཅན།
བསམས།
ཤིན་ཏུ་མོ།
ང་།
ཡང་འཇུག་མེད་པ།

དང་།
མ།
དམ།
མཐའ་ཅན།
མཐའ།








མ་ནིང་།
འགྱུར་བ་མ་ནིང་།


ན་ར་ལ།
དྲག་འཕྲད་དྲག་འགྱུར།
མིང་གཞི་ཕོ་ཡིག་གི་རྗེས་སུ་ཡང་འཇུག་ཞུགས་མིན་ཁྱད་མེད་པར་གྱུར་བས་དྲག་ཕྲད་དྲག་འགྱུར།

དཀོན།
དཀར།
སྐལ།
ཀུནད།

མིང་གཞི་མ་ནིང་གི་རྗེས་སུ་ཡང་འཇུག་དང་བཅས་ཏེ་ཞུགས་ན་ཡང་དྲག་འཕྲད་དྲག་འགྱུར།
མཁྱེནད།
ན་ར་ལ།
ཞན་འཕྲད་ཞན་འགྱུར།
མིང་གཞི་མོ་ཡིག་རྗེས་སུ་ཡང་འཇུག་མེད་པར་ཞུགས་པ།

དགོན།

མཚན་གཉིས་མ་ནིང་།
ན་ར་ལ།
མིང་གཞི་མོ་ཡིག་གི་རྗེས་སུ་ཡང་འཇུག་དང་བཅས་པར་ཞུགས་པ།
བརྒྱནད།
འཛིནད།
མཚན་མེད་མ་ནིང་།
ན་ར་ལ་།
མིང་གཞི་མ་ནིང་རྗེས་སུ་ཡང་འཇུག་མེད་པར་ཞུགས་པ།
ཐར།



གཉིས་པ་དོན་གྱི་འཇུག་ཚུལ་ལ་གཉིས། སྔ་མ་གང་ལྟར་འགྱུར་བ་བཤད་པ་དང་། ཕྱི་མ་གང་ལྟར་འགྱུར་བ་བཤད་པའོ།། དང་པོ་(སྔ་མ་གང་ལྟར་འགྱུར་བ་བཤད་པ་)ནི།
གཉིས་པ་དོན་ལ་གཉིས་[21]ཡོད་པའི།།      སྔ་མ་གང་ལྟར་འགྱུར་བ་ནི།།
(སྔ་མ་གང་ལྟར་འགྱུར་བའི་གཞུང་དངོས།)
རྗེས་འཇུག་གང་ལ་ཞུགས་པ་ཡི།།   མིང་དེས་བདག་གཞན་སོགས་གང་སྟོན།།
ཕལ་ཆེར་མིང་དེའི་སྔོན་འཇུག་གི།  ནུས་པར་སྦྱར་ནས་རྟོགས་པར་བྱ།།
·        རྟགས་ཀྱི་འཇུག་པའི་གཞུང་། སྔ་མ་སྔོན་འཇུག་སྔ་བཞིན་སྦྱར།། ཞེས་པའི་འགྲེལ་པ་ཡིན།
·        མཚམས་འདི་ནས་རྟོགས་དགོས་པ་ཞིག་ནི། མིང་མཐའ་སྔ་མ་རྗེས་འཇུག་འདི་ཉིད་སྔོན་འཇུག་བཞིན་རང་སྟོབས་ཀྱིས་བདག་གཞན་དུས་གསུམ་གསལ་བར་སྟོན་མི་ཐུབ་ཀྱང་གཅིག་ཏུ་སྟོན་མི་ཐུབ་པའི་དོན་མ་ཡིན།
གཉིས་པ་(ཕྱི་མ་གང་ལྟར་འགྱུར་བ་བཤད་པ་)ལ་གཉིས། མིང་མཐའ་འདྲེན་ཚུལ་དང་། རྣམ་དབྱེ་ཕྲད་བཅས་འདྲེན་ཚུལ་ལོ།། དང་པོ་(མིང་མཐའ་འདྲེན་ཚུལ་)ནི།
ཕྱི་མ་ཇི་ལྟར་འགྱུར་བ་ནི།།            
(རྟགས་མཚུངས་འདྲེན་པ།)
རྗེས་འཇུག་ཕོ་ཡིས་ཕོ་ཡིག་གི།           མིང་མཐའ་གཞན་དྲངས་དེ་བཞིན་དུ།། 
མོ་ཡིས་མོ་ཡི་མིང་མཐའ་དང་།།   མ་ནིང་གིས་ནི་མ་ནིང་དྲངས།།       
དེ་རྣམས་རྟགས་མཚུངས་འདྲེན་ཚུལ་ཏེ།།
(བརྗོད་བདེ་འདྲེན་པ།)
བརྗོད་བདེ་འདྲེན་པའང་ཤིན་ཏུ་མང་།།[22]
·        རྟགས་མཚུངས་དང་བརྗོད་བདེ་གཉིས་ལས་སི་ཏུས་བརྗོད་བདེ་ཉིད་གཙོ་ཆེ་བར་གསུངས།
གཉིས་པ་རྣམ་དབྱེ་ཕྲད་བཅས་འདྲེན་ཚུལ་ལ་གཉིས། སྤྱིར་འདྲེན་ཚུལ་དང་། ནང་གསེས་འཇུག་ཚུལ་ལོ།། དང་པོ་(སྤྱིར་འདྲེན་ཚུལ་)ནི།
གཞན་ཡང་མིང་མཐའ་དེ་ཉིད་ཀྱིས།།      རྟགས་མཚུངས་པའམ་སྒྲ་མཐུན་པའི[23]།།
རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས།།    སྔ་མའི་[24]ཤུགས་དང་མཐུན་པར་འདྲེན།།
གཉིས་པ་(ནང་གསེས་འཇུག་ཚུལ་)ལ་གཉིས། མདོར་བསྟན་དང་། རྒྱས་བཤད་དོ།། དང་པོ་(མདོར་བསྟན་)ནི།
དེ་དག་ནང་གསེས་གང་འཇུག་ནི།།  རྣམ་དབྱེའམ་ཕྲད་བཅས་མིང་ཚིག་དེའི།།
མཐར་སྦྱར་མིང་དོན་ལས་ཤེས་བྱ།།
གཉིས་པ་རྒྱས་བཤད་ལ་གཉིས། རྣམ་དབྱེའི་ནང་གསེས་གང་ཞིག་འཇུག་པ་དང་། ཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ་བཤད་པའོ།། དང་པོ་(རྣམ་དབྱེའི་ནང་གསེས་གང་ཞིག་འཇུག་པ་)ནི།
(རྣམ་དབྱེ་དང་པོ།དེ་ཡང་ཆོས་རྣམས་ངོ་བོ་ཙམ།།    བརྗོད་པ་རྣམ་དབྱེ་དང་པོ་སྟེ།།
དཔེར་ན་བུམ་པ་ཀ་བ་བཞིན།།          གསལ་བྱེད་བོད་ཀྱི་སྐད་ལ་ཉུང་།།
(རྣམ་དབྱེ་གཉིས་པ།) ལས་དང་བྱ་ཡུལ་དོན་གཅིག་སྟེ།།   དེ་ལྟའི་བྱ་བའི་ཡུལ་ཞིག་ལ།།
བྱ་བ་བྱས་པར་སྟོན་པ་ལ།།       གཉིས་པ་ལས་སུ་བྱ་བ་དང་།།
(ཕན་ཚུན་ནོར་ཉན།) གཉིས་པའི་ནང་ཚན་དེ་ཉིད་དང་།། བཞི་པ་དགོས་ཆེད་གསུམ་འདྲ་ཡང་།།
(གཉིས་པའི་ཁྱད་ཆོས།བྱ་བ་བྱས་པས་བྱ་བའི་ཡུལ།།         དེ་འམ་དེ་དང་འབྲེལ་བ་ལ།།
ཕན་ཐོགས་མེད་ན་གཉིས་པ་སྟེ།།   དཔེར་ན་ཤར་དུ་འགྲོ་ལྟ་བུ།།
(བཞི་པའི་ཁྱད་ཆོས།) ཕན་ཐོགས་ཡོད་ན་བཞི་པ་སྟེ།།           དཔེར་ན་སློང་ལ་སྦྱིན་ལྟ་བུ།།
(དེ་ཉིད་ཀྱི་ཁྱས་ཆོས།)   ཕན་ཐོགས་མེད་ཀྱང་བྱ་ཡུལ་དང་།།    བྱ་བ་ངོ་བོ་གཅིག་ཡིན་ན།།
གཉིས་པའི་ནང་ཚན་དེ་ཉིད་དེ།།   དཔེར་ན་ལྷ་རུ་གསལ་ལྟ་བུ།།
(བདུན་པའི་ངོས་འཛིན།) གང་ཞིག་གང་ལ་བརྟེན་པའམ།། གནས་དང་ཡོད་པའི་དོན་ཙམ་ལས།།
བྱ་བ་གཏན་ནས་མི་བྱེད་ན།།            རྣམ་དབྱེ་བདུན་པ་གནས་གཞི་སྟེ།།
དཔེར་ན་སྟེང་དུ་མི་ཡོད་ལྟར།།   
(ཚེ་སྐབས་ངོས་འཛིན།)   ཚེ་སྐབས་གཉིས་དང་དོན་འདྲ་ན།།     བདུན་པའི་ནང་ཚན་ཚེ་སྐབས་ཏེ།།    
               དཔེར་ན་མཆུ་ཟླ་ཤར་བ་ན།།            ཆོ་འཕྲུལ་དུས་ཆེན་ཚུགས་ལྟ་བུ།།     
(ལ་དོན་གྱི་འཇུག་ཡུལརྣམ་དབྱེ་གཉིས་བཞི་བདུན་པ་དང་།།  དེ་ཉིད་ཚེ་སྐབས་གསལ་བྱེད་སྒྲ།།     
               སུ་ར་རུ་དུ་ན་ལ་ཏུ།།                  ཡིན་ཞིང་༌༌༌༌༌༌༌༌༌༌༌
(ལ་དོན་ཞེས་བཏགས་དོན།)ཕལ་ཆེར་ལ་སྒྲ་དང་།།       མཐུན་པས་ལ་དོན་རྣམ་དབྱེའང་ཟེར།།
(ན་ལ་མི་འཇུག་ས།འོན་ཀྱང་ན་ལ་དེ་ཉིད་ལ།།        མི་འཇུག་སྨྲ་བའི་སྒོ་ལས་གསུངས།།
(རྣམ་དབྱེ་གསུམ་པ།) རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས།།   ཉེ་འགྱངས་གང་དུ་བྱ་བ་ཞིག།
བྱས་ན་གསུམ་པ་བྱེད་སྒྲ་སྟེ།།            དཔེར་ན་བདག་གིས་བཤད་ལྟ་བུ།།
(རྣམ་དབྱེ་དྲུག་པ།བྱ་བ་གཏན་ནས་མི་བྱེད་པར།།          སྔ་ཕྱི་འབྲེལ་བྱེད་ཙམ་སྟོན་ན།།
རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ།།          དཔེར་ན་བདག་གི་མིག་ལྟ་བུ།།
(གསུམ་དྲུག་གཉིས་ཀྱི་ཕྲད་ངོས་འཛིན།)                       
རྣམ་དབྱེ་གསུམ་དྲུག་གསལ་བྱེད་སྒྲ།།      ས་མཐའ་ཡོད་དང་མེད་པ་ཡི།།
གི་ཀྱི་གྱི་འི་ཡི་ལྔ་ཡིན།།         
(རྣམ་དབྱེ་ལྔ་པ།)    གང་ཞིག་གང་ལས་བྱུང་བའམ།།    བྱེ་དང་ལྷུང་བའི་དོན་ལྡན་ན།། 
               རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཏེ།།   དཔེར་ན་ཞལ་ནས་ཐོས་ལྟ་བུ།།       
(འབྱུང་ཁུངས་ཀྱི་ཕྲད།)   གསལ་བྱེད་སྒྲ་ནི་ནས་ལས་ཏེ།།
(ལྔ་པའི་ནང་གསེས།) དགར་དང་སྡུད་པའང་ལྔ་པར་གཏོགས།།


གཉིས་པ་(ཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ་བཤད་པ་)ནི།
(སྡུད་སྒྲ་ངོས་འཛིན) གཞན་ཡང་ཚིག་དོན་གོང་འོག་ཏུ།། བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ།།
དང་དང་ཀྱང་ཡང་འང་སོགས་སྦྱོར།།     
(བྱེད་སྡུད།)        རྣམ་གྲངས་དུ་མས་དོན་བསྐྱར་ན།། འབྱེད་སྡུད་སྒྲ་འཇུག་༌༌༌༌༌༌༌༌༌༌༌༌
(དགག་སྒྲ་དང་བདག་སྒྲ།) ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌དགག་པ་དང་།།  བདག་དོན་ཡོད་ན་ཐོག་མཐའ་རུ།།    
པ་སྡེའི་རྟགས་རྣམས་ཅི་རིགས་འཇུག།    
(རྒྱན།)            རྒྱན་དུ་གྱུར་པའི་ཚིག་ཕྲད་ཀྱང་།།  དོན་ལ་བསྙེགས་པ་ཡོད་ན་སྦྱོར།།     
(ལྷག་བཅས།)       དེ་བཞིན་བསྟན་བྱ་ལྷག་ཡོད་ན།།   ལྷག་བཅས་སྒྲ་སྦྱོར་༌༌༌༌༌༌༌   
(རྫོགས་ཚིག)       ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཚིག་དོན་ནི།།    རྫོགས་ན་སླར་བསྡུའི་སྒྲ་རྣམས་སྦྱོར།།

གསུམ་པ་ཅི་ཕྱིར་འཇུག་བཤད་པ་ལ་གཉིས། རྗེས་འཇུག་གི་དགོས་པ་དངོས་བཤད་པ་དང་། ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པའོ།། དང་པོ་(རྗེས་འཇུག་གི་དགོས་པ་དངོས་བཤད་པ་)ནི།
   དགོས་པ་ཅི་ཕྱིར་འཇུག་ཅེ་ན།།         
(དབྱངས་ལྔ་བཞེད་ན་འཐད་ཚུལ།)
མོ་ཡིག་དབྱངས་དང་མི་ལྡན་ན།།   ཕོ་ཡིག་གསལ་བྱེད་བརྗོད་མི་ནུས།།   
དེ་ཕྱིར་དབྱངས་ལྔར་བཞེད་པ་བདེ།།
·        དབྱངས་ཅན་གྲུབ་པའི་རྡོ་རྗེས་དབྱངས་ལྔ་བཞེད་པ་སི་ཏུ་གོང་གི་མཁས་དང་གཅིག་མཚུངས་སུ་བཞེད་ཡོད་མིན་ད་དུང་བསམ་གཞིག་བྱ་དགོས་པར་མཐོང་།
(རྗེས་འཇུག་ཞུགས་པའི་དགོས་པ་དངོས།)
ཕོ་ཡིག་དབྱངས་ལྡན་དེ་དག་ལའང་།།           རྗེས་འཇུག་བཅུ་པོ་མ་ཞུགས་ན།།
དོན་གྱི་ངོ་བོ་ཙམ་སྟོན་པའི།།                  མིང་དང་དོན་གྱི་ཁྱད་པར་རྣམས།།
སྟོན་པའི་ཚིག་དང་དོན་ལྡན་པའི།།        ངག་གི་བརྗོད་པ་ཡོད་མིན་ཏེ།།
ཡི་གེའི་ཁོངས་ནས་མིང་དབྱུང་ཞིང་།།            མིང་གི་ཁོངས་ནས་ཚིག་ཕྱུང་ནས།།
ཚིག་གིས་དོན་རྣམས་སྟོན་པས་སོ།།
གཉིས་པ་(ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ་)ལ་གཉིས། ཡི་གེའི་འཇུག་པ་རྣམས་ཀྱི་རང་བཞིན་གྱི་དགོས་པ་ལྡོག་ཕྱོགས་ནས་བཤད་པ་དང་། ཡི་གེའི་སྦྱོར་བ་སྟོན་པའི་བསྟན་བཅོས་འདི་ཇི་ལྟར་རྩོམ་ཚུལ་ལོ།། དང་པོ་(ཡི་གེའི་འཇུག་པ་རྣམས་ཀྱི་རང་བཞིན་གྱི་དགོས་པ་ལྡོག་ཕྱོགས་ནས་བཤད་པ་)ནི།
མིང་ཚིག་བརྗོད་པ་མེད་ན་ནི།།          ཐུན་མོང་ཐུན་མོང་མ་ཡིན་པའི།།
ཤེས་བྱ་སྟོན་པའང་མེད་པར་འགྱུར།།
གཉིས་པ་(ཡི་གེའི་སྦྱོར་བ་སྟོན་པའི་བསྟན་བཅོས་འདི་ཇི་ལྟར་རྩོམ་ཚུལ་)ལ་གཉིས། དངོས་དང་། དེ་༌༌གྲུབ་(འགྲུབ་)པ་སྨོན་པའོ།། དང་པོ་(དངོས་)ནི།
དེ་ཕྱིར་འཕགས་ཡུལ་མཁས་རྣམས་ཀྱི།།          རྗེས་སུ་འབྲངས་ནས་གསུངས་པ་འདི།།
གཉིས་པ་(དེ་༌༌གྲུབ་(འགྲུབ་)པ་སྨོན་པ)ནི།
སྐྱེ་བོ་ཀུན་གྱིས་རྟོགས་གྱུར་ཅིག།
རྩ་བའི་ས་བཅད་གསུམ་པ་འཇུག་གི་དོན་ལ་ལྔ། སྤྱིར་བརྡ་སྤྲོད་པའི་གཞུང་ལ་སློབ་གཉེར་བྱ་རིགས་པ་གལ་པོ་ཆེར་གདམས་པ་དང་། ཉན་པར་བསྐུལ་བ་དང་། བཟོད་པར་གསོལ་བ་དང་། དགེ་བ་བསྔོ་བ་དང་། མཛད་བྱང་ངོ་།། དང་པོ་(སྤྱིར་བརྡ་སྤྲོད་པའི་གཞུང་ལ་སློབ་གཉེར་བྱ་རིགས་པ་གལ་པོ་ཆེར་གདམས་པ་)ལ་གསུམ། བརྗོད་བྱའི་དོན་རྣམས་བརྗོད་བྱེད་སྒྲ་ལ་བརྟེན་དགོས་པར་བཤད་པ་དང་། མཁས་རྨོངས་སྒྲ་ཤེས་དང་ཤེས་མིན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ། མ་སྦྱངས་པའི་ཉེས་དམིགས་བཤད་པའོ།།
དང་པོ་(བརྗོད་བྱའི་དོན་རྣམས་བརྗོད་བྱེད་སྒྲ་ལ་བརྟེན་དགོས་པར་བཤད་པ་)ནི།
ཚིག་གི་སྒྲ་ཙམ་འདྲ་ན་ཡང་།།           དོན་ལ་ཁྱད་པར་ཤིན་ཏུ་ཆེ།།
དེ་ཕྱིར་བརྡ་དག་ལ་བརྟེན་ནས།།   མ་ནོར་དོན་རྣམས་འཚོལ་བ་གཅེས།།
གཉིས་པ་(མཁས་རྨོངས་སྒྲ་ཤེས་དང་ཤེས་མིན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་)ནི།
དོན་ལ་མི་རྨོངས་རྨོངས་པ་ཡང་།།  ལུགས་འདིར་མཁས་མིན་གྱིས་བྱེད་དེ།།
སྒྲ་ཤེས་དོན་ལ་མི་རྨོངས་ཞེས།།          མཁས་པའི་གསུང་ལ་ཡོངས་སུ་གྲགས།།
གསུམ་པ་(མ་སྦྱངས་པའི་ཉེས་དམིགས་བཤད་པ་)ནི།
འདི་[25]ལ་མ་སྦྱངས་རྨོངས་ཚོད་ཀྱིས།།      འཆད་རྩོད་རྩོམ་པའི་གྲྭར་[26]འཇུག་པ།།
ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན།། ནམ་ཞིག་རྗེས་ངན་གསལ་བར་འགྱུར།།
གཉིས་པ་ཉན་པར་བསྐུལ་བ་ནི།
དེ་ཕྱིར་བློ་གསལ་དོན་གཉེར་རྣམས།།      རྟགས་འཇུག་དཀའ་གནད་གཟུགས་བརྙན་ན།།
གསལ་བར་འཆར་བའི་མེ་ལོང་འདིར།།    ལ་འུར་[27]གཟིགས་མོར་ས་སྤྱོན་[28]དང་ཀྱེ།།
གསུམ་པ་བཟོད་གསོལ་ནི།
འདི་ལ་ནོངས་པའི་ཚོགས་མཆིས་ན།།      གཟུར་གནས་མཁས་པའི་སྤྱན་སྔར་འཆགས།།
བཞི་པ་དགེ་བ་བསྔོ་བ་ནི།
ཅུང་ཟད་འབད་ལས་ཐོབ་པའི་དགེས།།     ཀུན་གྱིས་འདི་དོན་རྟོགས་པར་ཤོག།
ལྔ་པ་མཛད་བྱང་ནི།     ཅེས་རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི། རང་གི་སློབ་བུ་རྗེ་དྲུང་སངས་རྒྱས་རྒྱ་མཚོ་དང་དོན་གྲུབ་ཕུན་ཚོགས་གཉིས་ཀྱིས་དགོས་ཚུར་ལྟར། མཁས་མཆོག་སི་ཏུ་པཎ་ཆེན་དང་ཐམས་ཅད་མཁྱེན་པ་དྷརྨ་བྷ་དྲ་དཔལ་བཟང་པོའི་བཞེད་པ་དང་མཐུན་པར་དབྱངས་ཅན་གྲུབ་པའི་རྡོ་རྗེས་སྦྱར་བའོ།། །།
བར་འགོས་གཉིས་ཀྱི་ས་བཅད་དང་། རྨོངས་མཆན་ཐུམ་བུ་འདི་འཆལ་པོ་བདེ་ཆེན་རྡོ་རྗེས་སྣེ་འཁྲིད་སློབ་མའི་གོ་སྒྲིག་འོག་དབུ་མ་འོག་མ་ལོ་རིམ་གཉིས་པ་ཚོར་ཟུར་འཁྲིད་ཆེད་བྲེལ་ཚུབ་ངང་སྦྱར་བ་འདིར། ནོར་འཛོལ་སོགས་ཡོད་ངེས་པས་ཀུན་ལ་བཟོད་གསོལ་དང་སློབ་སྟོན་ཡོང་བའི་རེ་བ་དང་བཅས། ཕྱི་ལོ། ༢༠༡༡ ཟླ་བ། ༤ ཕྱི་ཚེས་༡༤ སྔ་དྲོ་ནས་འགོ་བཙུགས་ཏེ། ཕྱི་ཚེས་༡༧ གྱི་མཚན་མོ་ཆུ་ཚོད་ ༡༡།༣༧ ཐད་ཨོ་རྒྱན་བསམ་ཡས་ཆོས་འཁོར་གླིང་གི་རང་ཤག་ཏུ་མཇུག་སྒྲིལ་བར་བྱས་ཏེ་སྤེལ་བའོ།།

                                                      




[1]       བཅུ་དྲུག་ལང་ཚོ་ཅན་ལ་གོ་དགོས།    
[2]       གོང་དུ་བཀུར་བར་འོས་པ་ན་རྗེ། ཉེས་སྤྱོད་སྐྱོན་གྱིས་མ་བགོས་པས་ན་བཙུན་པའོ།།
[3]       མཁས་མཆོག་དངུལ་ཆོས་བཟང་ངམ་དྷརྨ་བྷདྲ། ཤཱཀྱའི་དགེ་སློང་མཁས་མཆོག་དངུལ་ཆུ་དྷརྨ་བྷ་དྲའམ་དངུལ་ཆུ་བླ་མ་ཆོས་བཟང་གིས་གནས་གཙང་གཡས་རུ་བཞད་ཀྱི་བྱེ་བྲག་དངུལ་ཆུའི་རི་ཁྲོད་དགའ་ལྡན་རྩེའི་སྤོང་ཁང་ དུ་རང་ལོ་ ༣༥ སོན་པའི་ཟད་པ་ཞེས་པ་མེ་སྟག་ལོ་སྟེ་ཕྱི་ལོ་ ༡༨༦༦ ལོའི་གྲོ་བཞིན་ཟླ་བ་སྟེ་བོད་ཟླ་ པའི་དཀར་ཚེས་དགའ་བ་དང་པོ་སྟེ་ཡར་ངོའི་ཚེས་ ཉིན་ལེགས་པར་བརྩམས་པ་ལགས་སོ།།  
[4]       རྩ་བའམ་གཞི་མ་ལྟ་བུ་ཡིན་པའི་དོན་ནོ།།
[5]       ཨ་ཀྱཱ་ཡོངས་འཛིན། གླེགས་བམ་གཉིས་པ། རྟགས་ཀྱི་འཇུག་པའི་དགོངས་དོན་རབ་གསལ། ཤོག ན་
[6]       མཚམས་འདིར་རྟགས་ཀྱི་འཇུག་པའི་རྩ་བ་ལས། ཇི་སྐད་དུ། ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་པ་ཕྱེད་དང་བརྒྱད་གནས་པའང༌། །སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་པ་བཞི་པ་ཡན་ཆད་དབྱེ། ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །
[7]       སྐབས་འདིར་རྟགས་ཀྱི་འཇུག་པ་ལས། སྔོན་འཇུག་ཡི་གེ་ལྔ་པོ་ལ། ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ།
[8]           དེ་ཡང་རྟགས་འཇུག་ལས། ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང་། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཞེས་གསུངས་སོ།།
[9]           དེ་ཡང་རྟགས་འཇུག་ལས། ཕོ་ནི་མ་ནིང་ལ་མི་འཇུག །མོ་ནི་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག །རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ།།
[10]          དེ་ཡང་རྟགས་འཇུག་ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་གསུངས་སོ།།
[11]          ས་བཅད་དེ་ཡང་རྟགས་འཇུག་ལས། དེ་དག་རེ་རེའང་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །
[12]      གང་ལ་འཇུག་པར་བྱེད་ཅེ་ན། །ཕོ་ནི་ཕོ་དང་མོ་ལ་འཇུག། །མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང༌། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཕོ་ནི་མ་ནིང་ལ་མིང་འཇུག། །མོ་ནི་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག། །རང་གི་སྡེ་དང་འཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །
[13]      སི་ཏུ་པཎ་ཆེན། མུ་ཏག་ཕྲེང་མཛེས་ལས་རྟགས་ཀྱི་འཇུག་པའི་སྐབས། ཤེས་རིག་དཔར་ཁང་གི་དཔར་གསར། ཤོག ༡༣༥
[14]      སྒྲ་ཤིན་ཏུ་ཆུང་ངུའམ། ཉམ་ཆུང་ལ་གོ་དགོས།
[15]      ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རང་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །
[16]      སི་ཏུ་པཎ་ཆེན། མུ་ཏག་ཕྲེང་མཛེས་ལས་རྟགས་ཀྱི་འཇུག་པའི་སྐབས། ཤེས་རིག་དཔར་ཁང་གི་དཔར་གསར། ཤོག ༡༣༧
[17]      སྔོན་འཇུག་ཅི་ཕྱིར་འཇུག་པའི་གཞུང་གི་ས་བཅད་འདི་འགོས་ཀྱི་གླེང་བརྗོད་ཆེན་མོའི་དགོངས་དོན་གཞིར་བཟུང་བཀོད་པའོ།།
[18]      ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །
[19]      རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །
[20]      གང་ལ་ཡི་གེ་ཐམས་ཅད་ལ། །གང་གིས་བཅུ་པོ་དེ་དག་གིས། །
[21]          སྔ་མ་གང་ལྟར་འགྱུར་བ་དང་། ཕྱི་མ་གང་ལྟར་འགྱུར་བ་གཉིས་ལ་གོ་དགོས།
[22]          ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །མོ་ཡིས་མོ་ཡི་མིང་མཐའ་དྲང་། །མ་ནིང་གིས་ནི་མ་ནིང་ངོ་། །མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །
[23]          བརྗོད་བདེ་ལ་གོ་དགོས།
[24]          སྔ་མ་ཞེས་པ་ཕྲད་རྣམ་དབྱེ་སོགས་འདྲེན་མཁན་གྱི་མིང་མཐའམ་རྗེས་འཇུག་ཉིད་ལ་གོ་དགོས།
[25]          འདི་སྒྲ་དེ་ནི། བརྡ་སྤྲོད་པའི་གཞུང་ལ་གོ་དགོས།
[26]          མཁས་པའི་གྲལ།།
[27]          ལ་འུར་ཞེས་པ་ནི། མགྱོགས་པོ་ལ་གོ་དགོས།
[28]          སྤྱོན་ནི། བྱོན་པའི་སྐུལ་ཚིག

No comments:

Post a Comment