Thursday, October 30, 2014

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒྲུབ་ཆེན་དང་སྦྱར་བའི་ཕུན་ཚོགས་སྡེ་ལྔ་བཞུགས་སོ།།

ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་།།
ལྷུན་གྲུབ་རྒྱལ་བ་རིགས་ལྔའི་ཚོགས་དག་དང་།།
དབྱེར་མེད་ཡང་སྤྲུལ་དགའ་རབ་རྡོ་རྗེ་སོགས།།
སྐུ་གསུམ་རྒྱལ་བའི་ཚོགས་རྣམས་སྤྱི་བོར་མཆོད།།
ཅེས་མཆོད་བརྗོད་ཀྱི་མེ་ཏོག་འཐོར་བའི་སྒོ་ནས་མངོན་པར་མདུན་བསུས་ཏེ། གང་ཞིག་ཞུ་བར་བྱ་བ་དངོས་ནི་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་གཞི། མཆོག་མཐུན་དངོས་གྲུབ་ཀུན་གྱི་བདག་ཉིད། འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས། བདག་ཅག་རྣམས་ཀྱི་འདྲེན་མཆོག་དམ་པ་གང་ཉིད་ཀྱི་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་གསོལ་བ་འདེབས་ན་སྐྱབས་རྗེ་རྡོ་རྗེ་འཆང་ཆེན་པོ་འགྱུར་མེད་རྡོ་རྗེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དཔལ་བཟང་པོ་གང་གིས་དབུས་པའི། འཕགས་པའི་དགེ་འདུན་གྱི་འདུས་སྡེ་དང་། གཞན་ཡང་དད་གུས་སྤྲོ་གསུམ་ལྡན་པའི་སྦྱིན་པའི་བདག་པོ་རྣམས་དང་འདིར་འདུས་འཁོར་ཚོགས་ཡོངས་ཀྱི་སྙན་དབང་ཟབ་མོར་གསོལ་བ་འདེབས་སྙིང་། ཇི་སྐད་དུ། ལེགས་པའི་ཕྱོགས་སུ་རྟེན་འབྲེལ་བཟང་པོ་བསྒྲིག། ཅེས་གསུངས་པ་ལྟར། ཞལ་ཁ་ཕྱེ་ལ་ཉེ་བའི་མཆོག་འགྱུར་བདེ་ཆེན་གླིང་པའི་ཐུགས་གསང་བའི་མཛོད་ཁང་ནས་གཏེར་ཆོས་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དཀྱིལ་འཁོར་ཞལ་ཁ་ཕྱེ་ཞིང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་མཐའ་བརྒྱན་ཏེ་ལེགས་པར་གྲུབ་པའི་སྔ་རོལ་དུ། རྟེན་འབྲེལ་ཕུན་སུམ་ཚོགས་པ་ལྔའི་སྐོར་ཞུ་བ་ལ། སྦྱོར་བ་གླེང་གཞི་དང་། དངོས་གཞི་ཕུན་ཚོགས་ལྔ་ལྡན། མཇུག་བསྔོ་བ་བཅས་གསུམ་ལས།
དང་པོ། སྦྱོར་བ་གླེང་གཞི།
དེ་ཡང་མདོ་སྡེ་ལང་ཀར་གཤེགས་པ་ལས།
འདོད་པའི་ཁམས་དང་གཟུགས་མེད་དུ།།
སངས་རྒྱས་མངོན་པར་སངས་མི་རྒྱ།།
གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ།།
འདོད་ཆགས་བྲལ་ཁྱེད་དེར་སངས་རྒྱས་རྒྱ།། ཞེས་གསུངས་པ་ལྟར་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་བར་དུ་ཚོགས་གཉིས་རྫོགས་པར་མཛད། མཐར་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་སངས་རྒྱས་པའི་རྗེས་གཙང་མའི་གནས་སུ་སངས་རྒྱས་པའི་ཚུལ་བསྟན། དེ་ནས་མི་རིང་བ་ན་རྡོ་རྗེ་གདན་དུ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སངས་རྒྱས་པའི་ཚུལ་བསྟན་པའི་སྐྱེས་བུ་ཆེན་པོ་དེ་ཉིད་འདིར་བྱོན་ནས། འཁོར་ཕུན་སུམ་ཚོགས་པ། དང་པོ་ཉིད་ལས་མི་ཞན་པ་སྟེ། ས་བཅུ་རྒྱུན་མཐའ་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་དང༌། གཉིས་པ་ལྷན་ཅིག་པའི་འཁོར་ཏེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། གསུམ་པ་གོ་ཕྱེ་བའི་འཁོར་ཏེ། གང་ཉིད་དགོངས་པ་མྱ་ངན་ལས་འདས་པའི་རྗེས་སུ་གང་གི་བསྟན་པ་ལ་ཞུགས་ཏེ། བཀའ་ཡི་དགོངས་དོན་ཇི་བཞིན་དུ་འཛིན་མཁན་གྱི་འཁོར་གསུམ་པོ་དེ་རྣམས་ལ། ཇི་སྐད་དུ། སངས་རྒྱས་བྱོན་དང་དེས་ཆོས་གསུངས།། ཞེས་པ་ལྟར། མགོན་པོ་གང་ཉིད་བྱོན་ནའང་ཆེད་དུ་བྱ་བའི་འཁོར་རྣམས་ལ་གསུང་གི་བདུད་རྩི་མ་སྩལ་ན་ནི་གང་ཡང་མི་ཕན་པས། གང་ནས་འཁོར་བའི་རྩ་བ་ཉོན་མོངས་དུག་གསུམ་མ་ལུས་པ་འཇོམས་པའི་སླད་དུ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས་རིམ་པ་བཞིན་རྒྱ་གར་འཕགས་པའི་ཡུལ་དུ་རྒྱུ་མཚན་ཉིད་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་དར་བ། ཕར་ཕྱེ་ན་ཐེག་པ་རིམ་པ་དགུར་འགྱུར་བ་སྟེ། དེ་ཡང་བཀོད་པ་ཆེན་པོ་ལས། ཆུང་ངུ་གསུམ་ལ་བསྟན་པ་ནི།། མཚན་མར་འཛིན་ལ་ཉན་ཐོས་ཏེ།། འདུ་ཤེས་ཅན་ལ་རང་རྒྱལ་ཉིད།། རྟོག་འཇུག་ཅན་ལ་བྱང་སེམས་སོ།། འབྲིང་པོ་གསུམ་ལ་བསྟན་པ་ནི།། རབ་ཏུ་དམན་ལ་བྱ་བ་སྟེ།། དམན་པ་རྣམས་ལ་སྤྱོད་པའོ།། རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད།། ཆེན་པོ་གསུམ་ལ་བསྟན་པ་ནི།། སེམས་ཡས་པ་ལ་བསྐྱེད་པ་སྟེ།། སེམས་དཔའ་ཅན་ལ་རྫོགས་པ་ཉིད།། མཆོག་གསང་རབ་ལ་རྫོགས་པ་ཆེ།། ཞེས་གསུངས་ལྟར་དེ་ལས་དང་པོ་རྒྱུ་མཚན་ཉིད་ཐེག་པ་ལ་གསུམ་སྟེ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ་དང་། གཉིས་པ་འབྲས་བུ་གསང་བ་སྔགས་ཀྱི་ཐེག་པ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང༌། ནང་དབང་གྱུར་ཐབས་ཀྱི་ཐེག་པ་ལ་གསུམ་རེ་ཡོད་དེ། དང་པོ་གསུམ་ནི། ཀྲི་ཡ། ཨུ་པ། ཡོ་ག་དང༌། གཉིས་པ་གསུམ་ནི། མ་ཧཱ། ཨ་ནུ། ཨ་ཏི་བཅས་ཡིན་པས། དེ་དག་གི་རྒྱུད་སྡེ་རྣམས་ས་བཅུ་རྒྱུན་མཐའ་ལ་གནས་པའི་སེམས་དཔའ་ཆེན་པོ་འཕགས་མཆོག་རིགས་གསུམ་མགོན་པོ་ལ་སོགས་པས་བསྡུ་བ་མཛད་པ་ལས། རིམ་པ་བཞིན་འཇིག་རྟེན་གྱི་ཁམས་འདིར་སྨིན་གྲོལ་གྱི་རིམ་པ་མ་ལུས་པའི་བརྒྱུད་པ་དེ་དག་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་ཁུང་གི་བརྒྱུད་པ་བཅས་བརྒྱུད་པ་གསུམ་གྱི་ལམ་ནས་ཟམ་མ་ཆད་པར་ད་ལྟའི་བར་དུ་དར་ཞིང་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་བཞུགས་ཡོད་པ་དེ་ལྟར་ལགས་ཀྱང་།
འདིར་སྐབས་སུ་བབ་པའི་གླེང་བར་བྱ་བ་ནི་ཇི་སྐད་དུ། མཆོག་གསང་རབ་ལ་རྫོགས་པ་ཆེ། ཞེས་གསུངས་པ་ལྟར་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་དང་། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་གསང་བའི་དམ་པ། རྡོ་རྗེ་ཐེག་པའི་ཉིང་ཁུ། དངོས་པོའི་གཤིས་ལུགས་རང་གྲོལ་ཆིག་ཆོད་དུ་སྟོན་པ། ནང་དབང་འགྱུར་རྫོགས་ཆེན་ཨ་ཏི་ཡོ་གའི་བསྟན་པའི་འབབ་ཚུལ་ལའང་གོང་དུ་ཞུས་པ་ལྟར་བརྒྱུད་པ་གསུམ་ལྡན་ལགས་པས། དེ་ལས་དང་པོ་རྒྱལ་བ་དགོངས་པའི་བརྒྱུད་ཚུལ་ལ་འོག་མིན་ལ་སོགས་པའི་གནས་སུ་བབ་ཚུལ་དང་། ལྷ་མིའི་གནས་སུ་བབ་ཚུལ་གཉིས་ལས། དང་པོ་ནི། གསང་སྔགས་འབྱུང་བའི་དུས་དྲུག་སྟེ། ཇི་སྐད་དུ། ཉོན་མོངས་རྒྱུད་དྲག་མོས་མཐུ་ཞན།། ལས་ཀྱི་ཚེ་ཐུང་བཀའ་དོན་སྟོར།། བསྟན་སྙིགས་གྲུབ་མཐའ་ངན་པས་བསྒྱུར།། གཉེན་པོས་མི་ནོན་སྒྲུབ་རྩོལ་ཞན།། ཞེས་གསུངས་པ་ལྟར། དེ་ལྟ་བུའི་དུས་དྲུག་ལ་བབ་པའི་ཚེ། སྟོན་པ་ངོ་བོ་ཉིད་ཀྱི་སྐུས་རང་གསལ་ངོ་བོ་ཉིད་ཀྱིས་གསུངས་པ་དང་། སྟོན་པ་ཆོས་ཀྱི་སྐུས་བྱིན་གྱིས་བརླབས་ཏེ་རང་གྲོལ་མངོན་སུམ་དུ་གསུངས། དེ་ནས་ལོངས་སྤྱོད་རྫོགས་པའི་སྐུས་རང་གི་ངོ་བོའི་ངང་ནས་གསུངས་པ་དང་། དེ་བཞིན་གསང་བའི་སྐུས་བདེ་ཆེན་ཐབས་ཀྱིས་གསུངས་པ་ལས་རྒྱལ་བ་དགོངས་པའི་བརྒྱུད་པ་དར་བའོ།།
གཉིས་པ་རིག་འཛིན་བརྡའི་བརྒྱུད་པ་ལ། ལྷ་མིའི་གནས་གཉིས་ལས་ལྷ་གནས་སུ་རྒྱས་ཚུལ་ནི། ལྷ་གནས་སུམ་ཅུ་རྩ་གསུམ་གྱི་རྣམ་རྒྱལ་ཁང་བཟང་ཆེན་མོའི་དབུ་རྩེར་སྲོག་ཤིང་རྡོ་རྗེ་རྩེ་དགུ་པ་དང་བཅས་པའི་འབུར་ཁང་ན། རྡོ་རྗེའི་ཁྲི་ཐོག་ཏུ་དཔལ་གསང་བའི་བདག་པོ་ཉིད་བཞུགས་ཏེ་ལྷའི་བུ་སེམས་ལྷག་ཅན་ལ། མན་ངག་འཕྲུལ་གྱི་ལུང་བཅུ་ཕོག་པ་དང་། མི་འགྱུར་བརྟན་པའི་དབང་། རིག་པ་སྤྱི་བླུགས་ཀྱི་དབང་། ཡེ་ཤེས་ངོས་འཛིན་གྱི་མན་ངག ཕྱག་རྒྱ་ཆེན་པོའི་མན་ངག་སོགས་དབང་ལུང་མན་ངག་མ་ལུས་པ་དུས་མཐའི་སྐད་ཅིག་གཅིག་ལ་བརྡས་རྫོགས་པར་གཏད་དེ། རྡོ་རྗེ་རྒྱལ་ཚབ་ཏུ་དབང་བསྐུར་ནས་ལྷ་གནས་གསུམ་དུ་རྒྱས་པར་མཛད།
གཉིས་པ་མི་ཡུལ་དུ་འབབ་ཚུལ་ནི། ཇི་སྐད་དུ། རྨད་བྱུང་བསྟན་པའི་སྙིང་པོ་འདི།། ལྷ་གནས་གསུམ་དུ་གྲགས་འགྱུར་ནས།། ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས།། འཛམ་གླིང་དབུས་སུ་རྒྱས་པར་བྱོས།། ཞེས་གསུངས་པ་ལྟར། མཉམ་མེད་ཐུབ་པའི་དབང་པོ་དགོངས་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་ཙམ་ན། རྨད་བྱུང་རྫོགས་ཆེན་ཨ་ཏི་ཡོ་གའི་བསྟན་པ་བབས་པ་ཡིན་ཏེ། དུས་དེ་ཙ་ན་སྤྲུལ་པའི་སྟོན་པ་དགའ་རབ་རྡོ་རྗེ་བྱོན་ཏེ་དེ་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རྫོགས་པ་ཆེན་པོའི་དབང་ལུང་མན་ངག་མ་ལུས་སྩལ་བ་དེ་ཉིད་དུ་རྫོགས་པ་ཆེན་པོའི་ས་ལ་མངོན་པར་སངས་རྒྱས་ཏེ་སྐུ་བཞིའི་དབང་གི་ཆུ་བོ་ལ་སོགས་པ་བསྟན་པ་མཐའ་དག་ཐུགས་ལ་རྫོགས་ནས། རྨད་བྱུང་རྫོགས་པ་ཆེན་པོའི་བསྟན་པ་གདུལ་བྱ་ལས་འཕྲོ་ཅན་འཇམ་དཔལ་བཤེས་གཉེན་སོགས་འགའ་ལ་བརྡས་བསྟན་པ་ལས་མི་ཡུལ་འདིར་ཡང་རྩོལ་མེད་རྫོགས་ཆེན་གྱི་བསྟན་པ་མི་ཡུལ་འདིར་ཡང་བབས་སོ།།
བརྒྱུད་ཚུལ་གསུམ་པ་གང་ཟག་སྙན་ཁུང་གི་བརྒྱུད་ཚུལ་ནི། བཀའ་བསྡུ་གཉིས་པའི་དུས་ཙ་ན་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བྱང་སེམས་རྡོ་རྗེ་ལ་གསེར་ཞུན་བཤགས་པར་བརྩམས་ཏེ་རྫོགས་ཆེན་བསྟན་པའི་བསྡུ་བ་པོ་མཛད་པ་དང་། སྟོན་པ་དགའ་རབ་རྡོ་རྗེའི་ཞལ་མཇལ་གསུང་ཐོས་ཀྱི་ཉེ་བར་འཁོར་རྒྱལ་པོ་ད་ཧེན་ཏ་ལོ་དང་། ཀུ་ཀུ་རཱ་ཛཱ་སོགས་ལས་རིམ་པས་སློབ་དཔོན་སངས་རྒྱས་གསང་བ་དང་། ཤྲཱི་སིངྷཱ་། སློབ་དཔོན་པདྨ་འབྱུང་གནས་སོགས་ལས་རྩོལ་མེད་རྫོགས་ཆེན་གྱི་བསྟན་པ་མི་ཡུལ་ན་གང་ཟག་སྙན་ཁུང་དུ་བརྒྱུད་པ་ལས་ད་བར་བརྒྱུད་པ་ཟམ་མ་ཆད་པར་གནས་ཡོད་པ་དེ་ལྟར་ལགས་སོ།།
དེ་ལྟར་བརྒྱུད་པ་གསུམ་ལྡན་གྱི་གདམས་པ་དེ་ལ་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ་གཉིས་སུ་ཡོད་པ་ལས་སྐབས་སུ་བབ་པ་ཉེ་བརྒྱུད་གཏེར་མའི་ཆེ་བ་བརྗོད་པ་ལ། གཏེར་གྱི་མཚན་ཉིད། དབྱེ་བ། དགོས་པ་དང་ཁྱད་ཆོས་བཅས་གསུམ་ལས་དང་པོ་ངོ་བོའམ་མཚན་ཉིད་ནི། ཇི་སྐད་དུ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས།  དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་མི་ཟད་པ་དང་། སེམས་ཅན་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ།། ཞེས་གསུངས་པ་ལྟར། དཀོན་མཆོག་གསུམ་གྱི་གདུང་དང་། ཆོས་རྟོགས་པ་ཆེན་པོ་སྟེ་མཁྱེན་པའི་དགོངས་པ་ཀློང་བརྡོལ་བ། སེམས་ཅན་མགུ་བར་བྱ་བའི་འདི་ཕྱི་དོན་ཟད་པ་མེད་པ་གང་ཞིག་དེ་ཡང་ཚད་མེད་ནམ་མཁའ་དང་མཉམ་པའི་བདག་ཉིད་ཅན་ལ་གཏེར་ཞེས་བྱ་སྟེ། མདོར་ན་ནམ་ཡང་འགྱུར་བའམ་ཟད་པ་མེད་པའི་དོན་ལ་གཏེར་ཞེས་བྱའོ།།
གཉིས་པ་གཏེར་ལ་དབྱེ་བ་ནི། ས་གཏེར་དང་། གནམ་གཏེར། དགོངས་གཏེར་བཅས་གསུམ་ཡོད། གསུམ་པ་དགོས་པའམ་ཁྱད་ཆོས་ནི། དུས་ངན་སྙིགས་མ་ལྔ་བདོ་བའི་དུས་འདིར་ཆོས་པའི་ཟོལ་འཛིན་གྱི་སྐྱེས་བུ་དུ་མས་ཆོས་འཚོང་གིས་གདམས་ངག་རྣམས་འཆལ་བ་དང་། དམ་ཚིག་ཉམས་པས་ཆོས་ཀྱི་བྱིན་རླབས་ཁ་རླངས་ཡལ་བར་བྱས་ཏེ་བྱིན་རླབས་ཉམས་པར་འགྱུར་བ་ཡིན། འོན་ཀྱང་གཏེར་དུ་བཞུགས་པ་དེ་དག་ལ་ནི་དེ་ལྟའི་ཉེས་ལྟུང་མ་ཞུགས་ཤིང་། བྱིན་རླབས་ཀྱི་ཁ་རླངས་མ་ཡལ་བས་ཕ་གཅིག་ཉིད་ཀྱིས་རྗེས་སུ་བཟུང་བའི་རང་གི་རྣམ་སྤྲུལ་གཏེར་སྟོན་ལ་བཀའ་གཏད་སྨིན་གྲོལ་གྱི་གདམས་པ་རྣམས་སྩལ་ནས། དེས་གཏེར་ཆོས་སྤྱན་དྲངས་པས་ཉེ་བརྒྱུད་གཏེར་མ་དེ་གཞན་ལས་བྱིན་རླབས་གཟི་བྱིན་འགྲན་ཟླ་དང་བྲལ་བ་ནི་ཉེ་བརྒྱུད་གཏེར་མའི་དགོས་པའམ་ཁྱད་ཆོས་ཡིན་ཏེ། ཇི་སྐད་དུ། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པ་ཆོས་ཀྱི་གཞུང་།། ཐུགས་ནས་ཐུགས་ཀྱིས་གཏེར་དུ་སྦོས།། ཡང་ན་ས་ཡི་སྙིང་པོར་བྱ།། ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད།། དེས་དོན་དཀྲུག་པར་འགྱུར་ཏ་རེ།། དེ་ཕྱིར་ཆུ་ཀླུང་རྒྱུན་མ་གཅོད།། ཅེས་དང་། རཏྣ་གླིང་པའི་གཏེར་ལུང་ལས་ཀྱང་། ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས།། སྤྱིར་ཡང་བོད་རྣམ་གསར་ངས་ཆེ་བ་དང་།། སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས།། མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག། ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་འདེབས།། མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན།། སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན།། རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང་།། སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན།། ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང་།། གདམས་པ་སྣ་རེ་གང་ཟག་གྲོལ་བར་ངེས།། དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན།། འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས།། ཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམས།། སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་ཀུན།། དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ།། ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམས།། ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན།། ཞེས་སོགས་ལས་གཏེར་ཆོས་ཀྱི་དགོས་པ་དང་ཆེ་བ་གསལ་བར་རྟོགས་ནུས་སོ།།
ད་ནི་གླེང་གཞི་མཇུག་བསྡུ་ལ་ཉེ་བའི་མཚམས་འདིར། དེ་ལྟ་བུའི་མཁའ་འགྲོའི་བྱིན་རླབས་ཀྱི་ཁ་རླངས་མ་ཡལ་བའི་ཉེ་བརྒྱུད་གཏེར་མའི་ཁོངས་གཏོགས། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཞེས་བྱ་བའི་ཆོས་གཏེར་དེ་ཉིད་སྤྱན་འདྲེན་མཁན་གྱི་བྱང་ཆུབ་སེམས་དཔའ་པདྨའི་མྱུ་གུའི་རྣམ་སྤྲུལ་སྤྲུལ་པའི་གཏེར་སྟོན་ཕ་རྒན་པདྨས་དངོས་སུ་རྗེས་སུ་བཟུང་བའི་མཆོག་འགྱུར་བདེ་ཆེན་ཞིག་པོ་གླིང་པའི་རྣམ་ཐར་ཉུང་ངུ་ཞིག་ཞུ་བ་ལ། དམ་པ་འདི་ཉིད་ནི། མདོ་ཁམས་ལྷོ་ཡེར་སྟོད་དང་འབྲེལ་བའི་སྒོམ་སྡེ་གྲྭ་ནང་གི་ས་ཁུལ་དུ་ཡབ་སྔགས་འཆང་པདྨ་དབང་ཕྱུག་དང་། ཡུམ་ཚེ་རིང་དབྱངས་མཚོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས། རབ་བྱུང་བཅུ་བཞི་པའི་ས་མོ་གླང་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུ་ལ་སྐུ་བལྟམས། སྐུ་ཆུང་ངུའི་སྐབས་ཀྱི་མཚན་ནོར་བུ་བསྟན་འཛིན་དུ་གྲགས་པ་དེ་ཉིད་ཆུང་ངུའི་སྐབས་ནས་དམ་པའི་སྤྱོད་པ་བསྐྱངས་པ་མ་ཟད། འབྲི་ཀློག་སོགས་སྔོན་མའི་བག་ཆགས་ཀྱི་མཐུས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གསུམ་སོན་སྐབས་མ་ཎི་ཁ་ཞེས་པའི་གནས་སུ་ཕ་རྒན་པདྨས་དངོས་སུ་ཞལ་བསྟན་ནས། ལུང་པ་ལ་ཨཱརྱཱ་ནང་ཟེར་བས་ཁྱོད་ལ་འཇིག་རྟེན་ན་ཁྱད་པར་འཕགས་པ་ཞིག་འོང་ཞེས་རྗེས་སུ་བཟུང་བའི་ལུང་བསྟན་ནས་འཇའ་ལྟར་ཡལ་བར་གྱུར། དེ་ནས་སྟག་ལུང་མ་སྤྲུལ་རིན་པོ་ཆེ་སྐུ་མདུན་ནས་དགེ་ཚུལ་བསྒྲུབ་པ་གནང་སྟེ། གཙུག་ལག་ཆོས་ཀྱི་རྒྱལ་པོ་དང་། རྒྱལ་དབང་ཀར་འབྲུག་ཡབ་སྲས། འབྲི་གུང་མཆོག་སྤྲུལ་སོགས་ལས་མདོ་དང་སྔགས་གསར་རྙིང་གི་དབང་ལུང་མན་ངག་དང་། བཤད་རྒྱུན་ཕྱག་ལེན། གར་ཐིག་དབྱངས་གསུམ་གསན་བཞེས་ཀྱིས་མཁས་པར་གྱུར། དགུང་གྲངས་ཉེར་ལྔ་པར་ཕ་རྒན་པདྨའི་བཀའ་ལུང་བཞིན་སི་ཏུ་པདྨ་ཉིན་བྱེད་དབང་པོ་མཇལ་ནས་ཕུར་པའི་དབང་ཆེན་བཞད་པ་ལ་སོགས་པ་ཞུས། དེ་བཞིན་འཇམ་མགོན་ཀོང་སྤྲུལ་ལས་ཀྱང་གཏེར་ཆོས་དུ་མ་གསན། ཁྱད་པར་རྟེན་འབྲེལ་མདོ་ཆིངས་ལས། ཇི་སྐད་དུ། ཁྱད་པར་མངའ་བདག་ཡབ་སྲས་མཇལ་ནས་སུ།། གཅིག་གྲོགས་གཅིག་བྱེད་ལས་འཕྲོ་རིམ་པར་སད།། ང་ཡི་གདམས་པ་མཐར་ཐུག་རྣམས་དང་མཇལ།། དག་པའི་སྣང་བར་ང་ཉིད་དངོས་དང་འཕྲད།། གསང་སྔགས་གདམས་པའི་ལག་ལེན་དམར་འཁྲིད་སྟོན།། རང་ཉམས་བླངས་པས་འབད་མེད་གྲུབ་པ་ཐོབ།། དངོས་གྲུབ་བརྙེས་པའི་སློབ་མ་མང་དུ་འབྱུང་།། ཞེས་སོགས་གསུངས་པ་ལྟར་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་མཇལ་ཞིང་གདམས་པ་ཟབ་མོ་སྣ་ཚོགས་གསན་པ་དང་། ལྷག་པར་རྗེ་དེ་ཉིད་ལས་དགུང་གྲངས་ཉེར་དགུ་པར་ལྷ་དགུའི་དབང་ཆེན་གསན་སྐབས་བླ་མ་ཧེ་རུ་ཀ་སྤྱི་བོ་ནས་ཐིམ་པའི་ཉམས་ཤར་བས་སྙིང་གའི་རྩ་མདུད་གྲོལ་ཞིང་དེ་ནས་བཟུང་རྡོ་རྗེའི་མགུར་གླུ་ཐོགས་མེད་བརྡོལ་བ་དང་། སྔར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྡ་ཡིག་མ་ཁྲོལ་བ་རྣམས་ངང་གིས་གྲོལ་ནས་དང་པོ། མདོ་སྒྱུ་སེམས་གསུམ་གྱི་འཆད་སྤེལ་མཛད་པ་སོགས་བཀའ་བབས་པ་དང་། གཉིས་པ་རང་སྐལ་ས་གཏེར་དམ་ཆོས་ནོར་བུ་སྐོར་བདུན་དང་། ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ། སྙིང་པོ་སྐོར་བདུན་སོགས་ངོ་མཚར་སོ་སོ་སྐྱེ་བོས་བསམ་བརྗོད་ལས་འདས་པ་བཞེས་པར་མཛད། གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་དུ། གུར་དྲག་ཧཱུཾ་དམར་སྙིང་ཐིག་བྱིན་རླབས་ཀྱི་སྟོབས་ལས་བཀའ་བབས་པ་དང་། མཁའ་འགྲོ་མ་ཀུན་དགའ་འབུམ་པའི་མ་རྒྱུད་གསང་བ་ལམ་ཁྱེར་ཉེ་བརྒྱུད་དུ་བཀའ་བབས་པ་དག་གོ།
བཞི་པ་ཟབ་མོའི་དགོངས་གཏེར་ནི། སྒྲོལ་མའི་ཟབ་ཏིག་གཏན་ལ་ཕབ་པའོ།། ལྔ་པ་དེ་ལས་འཕྲོས་པའི་རྗེས་དྲན་ནི། གནུབས་སོགས་སྔོན་གནས་རྗེས་སུ་དྲན་ནས་ཆོས་སྐོར་གཏན་ལ་ཕབ་པ་དག་གོ། དྲུག་པ་དག་སྣང་ནི། ཕ་རྒན་པདྨ་ལས་ཨ་ཏིའི་ཟབ་དོན་སྙིང་ཐིག་གི་གདམས་པ་གསན་པ་སོགས་མཚོན་བཀའ་བབས་བདུན་ལྡན་གྱི་རྣམ་ཐར་འཆང་བའི་སྐྱེས་ཆེན་དམ་པ་དེ་ཉིད་ཀྱིས་ཆོས་བརྒྱུད་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ལམ་ནས་ཟབ་ཆོས་ཀྱི་སྨིན་གྲོལ་སྩལ་བ་དང་། གདན་ས་ཀརྨ་རི་དང་གནས་བརྟན་སྒང་སོགས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་དུ་མ་བཞེངས་ཏེ། མཐར་དགུང་གྲངས་ཞེ་གཉིས་པ་ལྕགས་ཕོ་རྟའི་ལོ་འགོར་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་འཛིན་པ་ཞི་བའི་སླད་དུ་རེ་ཞིག་སྐུ་བསྙུན་པའི་ཚུལ་བསྟན་ནས། ལོ་དེའི་ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ཞི་བའི་དབྱིངས་སུ་སྙོམས་པར་བཞུགས་སོ།།
ཞེས་སྤྱིར་སྐྱེས་ཆེན་དམ་པ་འདིའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་མཐའ་དག་འུ་ཚོ་ལྟ་བུའི་སོ་སོ་སྐྱེ་བོས་སྤྱོད་ཡུལ་ལས་འདས་ཀྱང་། འདིར་རང་ཉིད་ཀྱིས་བརྩིས་པའི་གདུལ་བྱ་རྣམས་དང་བ་འདྲེན་པའི་སླད་དུ་བཀའ་བབས་བདུན་ལྡན་གྱི་རྣམ་ཐར་ཉུང་ངུ་ཞིག་དགོས་པའི་དབང་དུ་བྲིས་པའོ།།

གཉིས་པ་དངོས་གཞི་ཕུན་ཚོགས་ལྔ་ལྡན་གྱི་བཤད་པ་དངོས་ནི།
དེ་ཡང་ཇི་སྐད་དུ། སྟོན་པ་གནས་དང་འཁོར་ཚོགས་ཚེ།། དུས་དང་སྡུད་པ་ཤུགས་ལས་ཤེས།། ཞེས་གསུངས་པ་ལྟར། རྒྱལ་བ་རྫོགས་པའི་སྐུ་གསུམ་སོ་སོའང་ཕུན་ཚོགས་སྣ་ལྔའི་བཤད་པ་བཞག་རྒྱུ་ཡོད་པ་ལས། དང་པོ་ཆོས་སྐུའི་ཕུན་ཚོགས་སྣ་ལྔ་ནི། ཇི་སྐད་དུ། རང་རིག་མཐའ་དབུས་མེད་པའི་དཀྱིལ།། ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ།། ཞེས་གསུངས་པ་ལྟར་སྟོན་པ་ཕུན་སུམ་ཚོགས་པ་སྤྲོས་པའི་མཐའ་ཀུན་ཞི་ཞིང་། བདེ་བ་ཆེན་པོའི་བདག་ཉིད་ཅན་གྱི་རྒྱལ་བ་ཀུན་ཏུ་བཟང་པོ་ཉིད་ཀྱིས། གནས་ཕུན་སུམ་ཚོགས་པ་སྤྲོས་བྲལ་བདེ་ཆེན་གཞོན་ནུ་བུམ་པའི་སྦུགས་སུ། འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་བྱང་ཆུབ་སེམས་དཔའ་དང་སེམས་མ་རྣམས་ལ། དུས་ཕུན་སུམ་ཚོགས་པ་དུས་གསུམ་དུ་མངོན་པར་མི་དམིགས་པའི་རང་བཞིན་འདུས་མ་བྱས་པའི་དུས་ཉིད་ལ། ཆོས་ཕུན་སུམ་ཚོགས་པ་སྒྲ་ཚིག་གི་བྱེད་རྩོལ་ལས་འདས་པའི་བདག་ཉིད་རྫོགས་པ་ཆེན་པོའི་ཆོས་དགོངས་པ་མི་གཡོ་བའི་ཚུལ་གྱིས་གསུངས་ཤིང་བཞུགས་པ་ནི་ཆོས་སྐུའི་ཕུན་སུམ་ཚོགས་པའི་སྡེ་ལྔའོ།།
གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཕུན་སུམ་ཚོགས་པའི་སྡེ་ལྔ་ནི། ཇི་སྐད་དུ། འོག་མིན་བླ་མེད་གནས་མཆོག་ཏུ།། སྐུ་ནི་རྣམ་པར་སྣང་མཛད་ཚུལ།། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ།། དེ་བཞིན་གསུང་མཆོག་མི་སྨྲ་སྟེ།། སྐུ་ཡི་ཆོས་རྣམས་མཇལ་བར་སྟོན།། མེ་ལོང་བསྟན་པའི་ཚུལ་བཞིན་དུ།། དངོས་ཀྱི་མདོ་ངན་ཐམས་ཅད་སེལ།། ཞེས་གསུངས་པ་ལྟར། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ལོངས་སྐུའི་ཆས་རྫོགས་རྒྱལ་བ་རིགས་ལྔ་ཚོགས་དག་གིས། གནས་ཕུན་སུམ་ཚོགས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་དག་ན། འཁོར་ཕུན་སུམ་ཚོགས་པ་ས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་དང་སེམས་མ་གྲངས་ལས་འདས་པ་དག་ལ། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོའི་དུས་སུ།  ཆོས་ཕུན་སུམ་ཚོགས་པ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་དབང་འགྱུར་ཐབས་ཀྱི་ཐེག་པ་ལ་སོགས་པའི་བླ་ན་མེད་པའི་ཆོས་དག་གི་འཁོར་ལོ་སྐོར་བཞིན་བཞུགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ཕུན་སུམ་ཚོགས་པའི་སྡེ་ལྔའོ།།
གསུམ་པ་མཆོག་གི་སྤྲུལ་སྐུའི་ཕུན་སུམ་ཚོགས་པའི་སྡེ་ལྔ་ནི། མཚན་དང་དཔེ་བྱད་མ་ལུས་པས་བརྒྱན་པའི་སྟོན་པ་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་ཉན་རང་བྱང་སེམས་གྱི་ཐེག་གསུམ་འཕགས་པའི་སྐྱེས་བུ་རྣམས་ལ། གནས་ཕུན་སུམ་ཚོགས་པ་ལྷ་གནས་གསུམ་དང་། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་གཙོས་པའི་བྱ་རྒོད་ཕུང་པོའི་རི་སོགས་རྒྱ་གར་འཕགས་པའི་ཡུལ་གྱི་གནས་ཆེན་དག་ན། དུས་ཕུན་སུམ་ཚོགས་པ་གདུལ་བྱ་དང་འདུལ་བྱེད་གཅིག་ཏུ་འཛོམས་པའི་ཚེ་ལོ་བརྒྱ་པའི་དུས་སུ། ཆོས་ཕུན་སུམ་ཚོགས་པ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སོགས་གསུངས་པ་ནི་མཆོག་གི་སྤྲུལ་སྐུའི་ཕུན་ཚོགས་སྡེ་ལྔ་ལགས་པས་དེ་ལྟར་རེ་ཞིག་སྐུ་གསུམ་གྱི་ཕུན་སུམ་ཚོགས་པའི་སྡེ་ལྔ་དེ་ཙམ་གྱིས་འཐུས་པར་བྱས་ཏེ།
ད་ནི་སྐབས་སུ་བབ་པ་མཁའ་འགྲོའི་བྱིན་རླབས་ཀྱི་ཁ་རླངས་མ་ཡལ་བའི་ཟབ་ཆོས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒྲུབ་ཆེན་འདི་དང་སྦྱར་ཏེ། ཕུན་ཚོགས་སྡེ་ལྔའི་བཤད་པ་སྟབས་བདེ་ཞིག་ཞུ་བ་ལ། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ཡང་ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ཆོས།། དེ་བཞིན་བླ་མ་དགེ་འདུན་ཏེ།། ཀུན་གྱི་བྱེད་པོ་བླ་མ་མཆོག། བླ་མ་དཔལ་ལྡན་རྡོ་རྗེ་འཆང་།། ཞེས་དང་གཞན་ཡང་། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང་།། སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱེད་ཅིང་།། བྱང་ཆུབ་སེམས་བསྐྱེད་རྒྱ་མཚོར་སྟོན་མཛད་ཅིང་།། མི་འགྲིབ་སྤྱོད་པ་རྒྱ་མཚོའི་དུས་ཀུན་སྟོན།། བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ།། ཞེས་གསུངས་པ་ལྟར་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག དུས་གསུམ་རྒྱལ་བ་མ་ལུས་གཅིག་ཏུ་འདུས་པའི་རང་གཟུགས། མིག་མེད་འགྲོ་བ་ཀུན་གྱི་དེད་དཔོན། འཇིག་རྟེན་སྨག་གི་མུན་པ་སེལ་བའི་སྒྲོན་མེ། སྐུ་མི་འགྱུར་འགྱུར་མེད་ལྷུན་པོ་ལྟར་བརྟན་ཅིང་གཟི་བརྗིད་ཀྱི་དཔལ་དང་ལྡན་པ། གསུང་མི་འགག་ཚངས་པའི་སྲས་མོས་རྗེས་སུ་བཟུང་བ། ཐུགས་མི་འགྱུར་ཀ་དག་ཆེན་པོའི་ངོ་བོར་བཞུགས་ཤིང་། འཕྲིན་ལས་ཀྱི་འཁོར་ལོ་ཟམ་མ་ཆད་པ་ཆུ་མོ་གངྒའང་མོག་མོག་པར་བྱེད་པའི་དཔལ་དང་ལྡན་པ། ཕ་གཅིག་པདྨས་རྗེས་སུ་བཟུང་བའི་སྤྲུལ་པའི་གཏེར་སྟོན་ཆེན་མོ་རིག་འཛིན་མཆོག་འགྱུར་བདེ་ཆེན་ཞིག་པོ་གླིང་པའི་མཚར་དུ་དངར་བའི་སྐྱེས་ཕྲེང་རིམ་པ་ལས་ད་ཐེངས་བདག་ཅག་གི་སྐལ་བར་བཞེད་པ། ངེད་ཅག་གདུལ་བྱ་ཡོངས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་གྱུར་བའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་བཞུགས་པའི་དཀྱིལ་འཁོར་འདིའི་སྟོན་པ་མགོན་པོ་གང་ཉིད་ཀྱིས།
འཁོར་ཕུན་སུམ་ཚོགས་པ། གོང་ན་བཞུགས་པའི་མཁས་བཙུན་བཟང་གསུམ་གྱི་དམ་པའི་མཚན་མ་འཆང་བའི་བསམ་བཞིན་དུ་སྲིད་པར་བཟུང་བའི་སྐྱེས་ཆེན་རྣམས་དང་། འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་དཔལ་མངའ་བའི་མཁན་སློབ་རྣམ་པ། བསླབ་པ་གསུམ་གྱི་ལས་ལ་ཞུགས་མ་ཐག་པའི་འཕགས་པའི་དགེ་འདུན་པ་རྣམ་པས་གཙོས་པའི་མདོར་ན་འདིར་ཡོད་སྐལ་ལྡན་གྱི་སྐྱ་སེར་ཕོ་མོ་རྣམས་དང། ལྷ་ཀླུ་གཞི་བདག་སོགས་འདུས་པ་ཆེན་པོའི་ཚོགས་དག་ནི་དཀྱིལ་འཁོར་འདིའི་འཁོར་དག་ལ།།
གནས་ཕུན་སུམ་ཚོགས་པ། དེ་ཡང་ཕ་རྒན་པདྨས། འདི་སྐད་དུ། གནས་དེར་ཕྱིན་པ་ཙམ་གྱིས་ལམ་སྣ་ཟིན།། ང་ཡི་རྗེས་འཇུག་ཆོས་བྱེད་གང་ཟག་རྣམས།། ལྷོ་རོང་སྦས་པའི་ཡུལ་དུ་བྲོས་ཤིག་དང་།། ཞེས་དང་གཞན་ཡང་། ལྷོ་ཕྱོགས་མོན་གྱི་ཡུལ་དུ་སྐུ་རྗེས་བཞག། ཞེས་སོགས་བཀའ་ལུང་དུ་མས་ཟིན་པ་ཙམ་དུ་ཕ་རྒན་པདྨས་ལེན་མངས་ཞབས་ཀྱིས་བཅག་པའི་སྨན་ལྗོངས་སྦས་གནས་ཆེན་པོ་སྔར་ལྷོ་མོན་དང་། དེང་གི་ཆར་དཔལ་ལྡན་འབྲུག་གི་རྒྱལ་ཁམས་ཞེས་བྱ་བའི་ཆོས་ལྡན་རྒྱལ་ཁབ་འདིའི་ཁོངས་གཏོགས་བཅུད་ཀྱི་འགྲོ་བའི་འདོད་དོན་མ་ལུས་ངང་གིས་གྲུབ་པའི་གནས་མཆོག་བསམ་གྲུབ་རྫོང་གི་ཆར་གཏོགས་པའི་དོམ་ཕུག་ཞེས་བྱ་བའི་གནས་སུ།
བཞི་པ་དུས་ཕུན་སུམ་ཚོགས་པ། རབ་བྱུང་རི་ཟླའི་ལྕགས་མོ་ཡོས། བོད་རྒྱལ་ལོ་ ༢༡༣༨ ལོའི་མཆུ་ཟླ་བའི་བུམ་པའི་ཁྱིམ་གྱི་མར་ངོ་མཁའ་འགྲོ་འདུ་བའི་དུས་ཁྱད་པར་ཅན་གྱི་དགའ་བ་གསུམ་པའི་ཉིན་མོར།
ལྔ་པ་ཆོས་ཕུན་སུམ་ཚོགས་པ། བདེ་ལྡན་ཞིང་ན་བཞུགས་པའི་ཆོས་སྐུ་འཆི་མེད་ལྷ་ཡི་ལྷ་ལས་རིམ་པས་ལོངས་སྐུ་རྣམ་པར་སྣང་མཛད། དེ་ནས་མཆོག་གི་སྤྲུལ་སྐུ་ཕ་གཅིག་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ། མ་གཅིག་མཁའ་སྤྱོད་མཚོ་རྒྱལ་མ། དེ་ལས་སྔ་འགྱུར་ལོ་ཆེན་བཻ་རོ་ཙ་ན། དེ་ལས་ཁྲི་སྲོང་ཡབ་སྲས། དེ་ལས་གཏེར་གནས་བརྒྱ་རྩའི་བདག་པོ་མཆོག་འགྱུར་བདེ་ཆེན་གླིང་པ། དེ་ལས་ཁྱབ་བདག་འཇམ་དབྱངས་མཁྱེན་བརྩེ་དབང་པོ། དེ་ལས་འཇམ་མགོན་བློ་གྲོས་མཐའ་ཡས་སོགས་རིམ་པས་ལས་སྨོན་རྟེན་འབྲེལ་འཛོམས་པའི་ལུང་གིས་ཟིན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་དུ་མ་ལས་བརྒྱུད་པ་ཟམ་མ་ཆད་པར་འདིར་ཡོད་གསེར་གྱི་ཁྲི་འཕང་མཐོན་པོའི་བླ་ན་བཞུགས་པའི་དུས་གསུམ་རྒྱལ་བའི་རྒྱལ་ཚབ་ཨོ་རྒྱན་མཆོག་གླིང་འགྱུར་མེད་རྡོ་རྗེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྡོ་རྗེ་འཆང་ཆེན་པོའི་བར་བརྒྱུད་པའི་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་སྤྲུལ་པའི་གཏེར་ཆེན་རིག་འཛིན་མཆོག་འགྱུར་བདེ་ཆེན་ཞིག་པོ་གླིང་པའི་ཐུགས་གསང་བའི་མཛོད་ཁང་ནས་མངོན་པར་བརྡོལ་བའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཞལ་ཁ་ཕྱེ་ཞིང་ཟབ་ཆོས་ཕུན་སུམ་ཚོགས་པའི་ཚོགས་ཀྱི་འཁོར་ལོའི་སྒྲུབ་པ་རྒྱ་ཆེན་པོ་མཛད་པ་དེའི་མཐུས་དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་གྱུར་པ་དངས་གཙང་ལྷད་མེད་མཉམ་མེད་ཐུབ་པའི་དབང་པོའི་བསྟན་པ་དེ་རྨ་མེད་པར་དབྱར་སྤང་དུ་ཤ་མོག་སྐྱེས་པ་བཞིན་དར་ཞིང་རྒྱས་པ་དང་། སྤྱིར་གླིང་ཆེན་འདི་དང་ཡང་སྒོས་དཔལ་ལྡན་འབྲུག་པའི་རྒྱལ་ཁམས་འདིར་ཡང་ནད་མུག་འཁྲུག་རྩོད་ཞི་ཞིང་དགའ་ཞིའི་དཔལ་ལ་རོལ་བའི་རྒྱུར་གྱུར་ཅིག་གུ

གསུམ་པ་མཇུག་བསྔོ་བ་ནི།

རྫོགས་ཆེན་ཨ་ཏི་ཡོ་གའི་ཟབ་ཆོས་ཀྱི།།
ཐོས་བསམ་སྒོམ་པའི་ལས་ལ་སྦྱངས་པ་ནི།།
གཅིག་ཏུ་དབེན་པའི་འཆལ་པོ་སྨྱོན་པ་ངས།།
སྣང་བར་གང་ཤར་བབ་ཅོལ་ཐོལ་བ་འདིར།།

དོན་མེད་དོན་ལོག་བཀྲལ་བ་མཐོལ་ལོ་བཤགས།།
གསང་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།།
གཞན་ཡང་ལས་འདིར་ཉེས་ལྟུང་ཅི་བསགས་པ།།
ཐམས་ཅད་ཅིས་ཀྱང་མ་ལུས་མཐོལ་ལོ་བཤགས།།

གལ་ཏེ་བྱིས་པའི་ལས་འདིར་ལྟེས་དབང་སྟབས་ལེགས་ཀྱིས།།
རྣམ་དཀར་དགེ་བའི་ཆ་འགའ་སྲིད་པའི་མཐའ་མཆིས་ཚེ།།
ལོང་བ་ཐང་དཀྱིལ་ལྷག་འདྲའི་མར་གྱུར་སྐྱེས་འགྲོ་ཀུན།།
གང་མགྱོགས་ཟབ་གཏེར་དང་འཕྲད་འདི་ནས་གྲོལ་གྱུར་ཅིག།

ཅེས་ནོངས་བཤགས་དང་མཇུག་བསྔོ་བས་མཚམས་སྦྱར་ཏེ་དེ་ཡང་ཆོས་གྲོགས་སངས་རྒྱས་ཆོས་འཕེལ་ནས་བསྐུལ་བའི་ངོར་མ་བཅོག་པར་བརྗོད་བྱ་རྗོད་བྱེད་སྤེལ་ཚུལ་ཐད་ཕྱོགས་གང་ཅི་ནས་ཞན་པ་ཆེ་བའི་འབེལ་གཏམ་འདི་ཝཱ་རཱ་ཎ་སིའི་དྲང་སྲོང་རི་དྭགས་ནགས་ཀྱི་མཐར་ཆགས་པའི་ཨོ་རྒྱན་བསམ་ཡས་ཆོས་འཁོར་གླིང་ན་རེ་ཞིག་མཇུག་བསྡུས་ཏེ། སྔ་འགྱུར་བསྟན་པའི་གྲལ་མཐར་འཛིན་པ་འགྱུར་མེད་བདེ་ཆེན་རྡོ་རྗེ་འབོད་པ་ནས་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ལོའི་བོད་རྒྱལ་ལོ་ ༢༡༣༨ ལོའི་མཆུ་ཟླ་བའི་ཚེས་ ༢༤ དགེ་བའི་ཉིན་སྤེལ་བའོ།།  




No comments:

Post a Comment