རང་གཞན་དོན་གཉིས་ཡོངས་སུ་རྫོགས་པ་ཡི།།
འདྲེན་མཆོག་མཉམ་མེད་རྒྱལ་བ་མཆོག་ཉིད་དང་།།
དེ་སྲས་ཐེག་གསུམ་འཕགས་པའི་ཚོགས་རྣམས་ལ༎
ཕྱག་འཚལ་མཆོད་ཅིང་བསྟོད་དེ་རེ་ཞིག་འདིར།།
སྡུག་བསྔལ་མ་ལུས་ཞི་བའི་གྲོང་ཁྱེར་དུ།།
འགྲོད་ལ་དཔའ་བའི་བཞོན་པ་རྣམ་གསུམ་སྐོར།།
རང་འདྲའི་བྱིས་པ་དག་དང་ལྷག་པར་དུ།།
རང་བློར་འཇགས་ཕྱིར་ཅུང་ཞིག་འདིར་བཤད་བྱ།།
དེ་རིང་ཝཱཎ་ནང་གཞོན་ལྷན་ཚོགས་ནས་ཕྲན་ལ་ལས་དང་པོ་བ་དག་ལ་ཆེད་དུ་དམིགས་ནས། ཐེག་པ་རིམ་པ་གསུམ་གྱི་རྣམ་གཞག་གོ་བདེ་དང་། སྟབས་བདེའི་རང་བཞིན་ཅན་ཞིག་བྲི་དགོས་ཞེས་བཀའ་ཕེབས་རུང་། སྤྱིར་རང་ཉིད་ལྟ་བུ་ལ་ཆ་མཚོན་ན། འཕགས་པའི་སྐྱེས་བུ་གསུམ་གྱི་ཐེག་པའི་རིམ་པ་དག་ངོ་སྤྲོད་པའི་ཤེས་འཇོན་སྤོབས་གསུམ་ཡེ་ནས་མི་ལྡན་རུང་། སྐྱེས་བུ་དམ་པའི་གསུང་རྣམས་རང་གི་ཡིད་ལ་གོམས་ཕྱིར་ཉུང་ངུ་ཞིག་བརྗེད་ཐོར་དགོད་པར་སྤྲོ་བ་གཏད་དེ་བྱ་བ་ལ།
དང་པོ་ཐེག་པའི་དོན་ངོ་སྤྲོད་པ།
སྤྱིར་ཐེག་པ་ཞེས་པའི་སྒྲ་དེ་ལེགས་སྦྱར་གྱི་སྐད་དུ། ཡཱན་ཞེས་བྱ་བས། དེ་དོན་བཞོན་པའམ་འཁོར་ལོའི་དོན་དུ་འཇུག་ཀྱང་།
སྔར་གྱི་ལོ་ཙཱ་བ་བཀྲིན་ཅན་རྣམས་ཀྱིས་དེ་ལྟར་མི་བཞག་པར་སྐབས་དོན་སྒྲ་དེ་ལ་གོ་བ་ལྷག་པོ་ཆེ་གོ་རྒྱུ་ཡོད་པས་དེའི་དོད་དུ་ཐེག་པ་ཞེས་འཇོག་པར་མཛད།
འོ་ན་འདིར་བཞོན་པའི་དོན་ཅན་གྱི་ཐེག་པ་ཞེས་པ་དེ་སྐབས་དོན་ཇི་འདྲ་ཞིག་ལ་བཀྲལ་དགོས་སམ་ཞེ་ན།
ཁུར་པོ་གང་ཞིག་བཏེགས་ནས་ཐེག་པའི་དོན་ལ་བཀྲལ་དགོས། ཇི་ལྟར་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དུ་ཐབས་ཤེས་གང་ཞིག་ལ་བརྟེན་ནས་འགྲོད་པར་བྱེད་པའི་ཐེག་གསུམ་སྐྱེས་བུ་སོ་སོའི་རྒྱུད་ཀྱི་ཡེ་ཤེས་དེས་སྤྱིར་གནས་གཞན་ནས་གཞན་དུ་བགྲོད་པ་ལ་བཞོན་པའམ་འཁོར་ལོ་དག་གིས་ཐེག་པར་བྱེད་པ་ལྟར།
འདིར་ཡང་ཐེག་པ་དག་གིས་སོ་སྐྱེས་ས་ནས་འཕགས་གསུམ་སོ་སོའི་ས་ན་ཐེག་པར་བྱེད་པའི་ཕྱིར་རོ།།
དེ་ཡང་ཞང་ཡེ་ཤེས་སྡེས། ཐེག་པ་ཞེས་བྱ་བ་ནི། བཞོན་པ་དང་འདྲ་སྟེ། དེས་ཐེག་ཅིང་སོ་སོའི་གནས་སུ་སྟོན་པར་བྱེད་པས་ཐེག་པའོ།།
ཟམ་པ་གྲུ་དང་གཟིངས་དང་འདྲ་སྟེ། དེས་བཏེགས་ཅིང་བརྟེན་ནས་འཁོར་བའི་ཆུ་བོའི་ཕ་རོལ་ཏུ་ཕྱིན་པས་ཐེག་པའོ།།[1] ཞེས་དང་། མཁས་འཇུག་ལས། འདིས་བཏེགས་ནས་རང་འབྲས་ལ་འཇོག་པར་བྱེད་པ་སྟེ་ལམ་ལ་གཙོ་བོར་བརྗོད་མོད།[2]ཞེས་གསུངས་པ་དག་ལས་ཐེག་དོན་གསལ་བར་རྟོགས་ནུས།
ཐེག་པའི་རྣམ་གྲངས་བཤད་པ་དང་དེ་ལྟར་ཕྱེ་དགོས་ཚུལ།།
ཐེག་པའི་དབྱེ་གཞི་དང་དབྱེ་བའི་རྣམ་གྲངས་ཇི་འདྲ་ཡིན་ཞེ་ན། སྤྱིར་ཐེག་པ་ལ་འཇིག་རྟེན་པའི་ཐེག་པ་སྟེ་སོ་སོ་སྐྱེ་བོའི་ཐེག་པའམ་མངོན་མཐོ་ལྷ་མིའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པ་སྟེ་ལམ་ཞུགས་ཀྱི་སྐྱེས་བུའི་ཐེག་པའམ་ངེས་པར་ལེགས་པའི་ཐེག་པ་བཅས་གཉིས་སུ་ཡོད་པ་ལས། ཕྱི་མ་དེ་སྐབས་དོན་གཙོ་བོ་ལགས་པས་དེ་ལ་དབྱེ་ན། ཉན་ཐོས་དང་། རང་རྒྱལ། བྱང་སེམས་ཐེག་པ་བཅས་གསུམ་མོ།། དེ་ཡང་དམ་ཆོས་པདྨ་དཀར་པོ་ལས།
ཉན་ཐོས་པ་ནི་འདི་དག་ཐམས་ཅད་དང་།།
རང་སངས་རྒྱས་སུ་མི་གང་ཞུགས་པ་དང་།།
མྱ་ངན་འདས་ལ་ངས་ནི་གང་བཀོད་ཅིང་།།
སྡུག་བསྔལ་རྒྱུད་ལས་ཡང་དག་དཀྲོལ་ལ་བསྒོ།
གང་ཕྱིར་འཇིག་རྟེན་དུ་ནི་ཆོས་མང་བཤད།།
དེ་དང་དེ་ལ་ཆགས་པ་རབ་དགྲོལ་ཞིང་།།
ཐེག་པ་གསུམ་དག་ཉེ་བར་བསྟན་་་་[3] ཞེས་གསུངས་པ་དེས་ཀྱང་ཐེག་པ་ལ་དབྱེ་ན་གསུམ་ཡོད་པར་གྲུབ།
ཐེག་པ་གསུམ་པོ་དེ་དག་ཀྱང་བསྡུས་ན་ཐེག་པ་ཆེ་ཆུང་གི་རིམ་པ་གཉིས་སུ་བསྡུས་ཏེ་ཉན་རང་གཉིས་ཐེག་དམན་དང་།
བྱང་སེམས་དེ་ཐེག་ཆེན་དུ་འདུ་བར་འགྱུར། དེས་ན་གཞུང་སོ་སོའི་ནང་སྐབས་རེ་ཐེག་པ་གསུམ་དང་།
སྐབས་རེ་གཉིས་སུ་བཞག་པ་དེ་དག་དགོས་པའི་དབང་གིས་སོ་སོར་བཀྲལ་བ་མ་གཏོགས་དོན་དུ་ཁྱད་པར་དམིགས་བསལ་གང་ཡང་མེད།
དེ་ལྟ་བུའི་འོག་མ་གཉིས་ལ་ཐེག་དམན་ཞེས་བྱ་བ་དེའི་གོ་དོན་ནི་དེར་ཞུགས་ཀྱི་སྐྱེས་བུ་རྣམས་ནས་གཙོ་བོ་རང་ཉིད་གཅིག་པུ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ཏེ་ཞི་བའི་གོ་འཕང་ལ་འགོད་འདོད་ཀྱི་ཁུར་པོ་དེ་ཐེག་པར་བྱེད་པའི་ལམ་ཡིན་པས།
སྤྱིར་སོ་སྐྱེས་ལ་བལྟོས་ཏེ་ཁྱད་པར་དུ་འཕགས་པ་ཡིན་ནའང་ཐེག་ཆེན་ལ་བལྟོས་ཏེ་ཐེག་པའམ་ལམ་དེ་ཅུང་ཟད་ཞན་པའམ་དམན་པ་ལྟ་བུ་ཡིན་པས་ཐེག་དམན་ནམ་སྐྱེས་བུའི་དབང་དུ་བྱས་ན་སྐྱེས་བུ་འབྲིང་ཞེས་བྱ་སྟེ་ལམ་སྒྲོན་ལས།
སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་༎
སྡིག་པའི་ལས་ལས་ལྡོག་བདག་ཉིད༎
གང་ཞིག་རང་ཞི་ཙམ་དོན་གཉེར༎
བྱང་སེམས་ཐེག་པ་ལ་ཐེག་ཆེན་ཞེས་བྱ་དགོས་དོན་ནི། དེར་ཞུགས་སྐྱེས་བུ་རྣམས་ནས་གཙོ་བོ་རང་དོན་ཙམ་གྱི་ཆེད་དུ་ཞི་བའི་གོ་འཕང་དོན་དུ་མི་གཉེར་བར་རང་གཞན་དོན་གཉིས་མཐར་ཕྱིན་ཏེ།
བླ་མེད་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་འདོད་ཀྱི་ཁུར་པོ་དེ་ཐེག་པར་བྱས་པས། ཐེག་དམན་དག་ལ་བལྟོས་ཏེ་ཐེག་པ་དེ་ཆེན་པོའམ་མཆོག་ཏུ་གྱུར་བས་ན་དེ་ལྟར་གྲགས་པའམ་ཡང་ན་ཆེན་པོ་བདུན་གྱིས་ཁྱད་པར་དུ་འཕགས་པས་ཀྱང་ཆེན་པོར་གྱུར་རོ༎
འོ་ན་ཆེན་པོ་བདུན་བྱ་བ་གང་དང་གང་ཡིན་ཞེ་ན། དེ་ཡང་ཞང་ཡེ་ཤེས་སྡེས། དམིགས་པ་དང་། བསྒྲུབ་པ་དང་།
ཡེ་ཤེས་དང་། བརྩོན་འགྲུས་དང་། ཐབས་དང་། ཡང་དག་པར་འགྲུབ་པ་དང་། ལས་ཆེན་པོའོ།[5] །ཞེས་གསུངས་པ་ལྟར་བདུན་པོ་དེ་དག་ཉམས་སུ་ལེན་ཚུལ་དབང་གིས་ཐེག་པ་ཆེ་ཆུང་གཉིས་ཀྱི་དབར་ལ་ཁྱད་པར་དུ་གྱུར་བས་འདིར་དེ་དོན་ཅུང་ཟད་ཕྱེ་སྟེ་ཞུས་ན།
དང་པོ། དམིགས་པ་ལ་ལྟོས་ཏེ་ཆེན་པོར་གྱུར་ཚུལ་ནི། ཐེག་དམན་དག་གིས་གནས་སྐབས་ཞི་འགོག་གི་གནས་སུ་འདྲེན་པའི་ཉན་རང་གི་ལམ་ལས་བཤད་པའི་ཆོས་ལ་དམིགས་པ་དང༌།
ཐེག་ཆེན་དག་གིས་ཐེག་པ་ཆེན་པོའི་མདོ་མདོ་སྡེ་དག་ལས་བསྟན་པའི་རང་གཞན་དོན་གཉིས་ཕུན་སུམ་ཚོགས་པའི་མཐར་ཐུག་ངེས་པར་ལེགས་པའི་གོ་འཕང་འཐོབ་པའི་ལམ་མམ་ཐེག་པ་སྟེ།
བྱང་ཆུབ་སེམས་དཔའི་ལམ་ལས་བཤད་པའི་ཆོས་ལ་དམིགས་པས་ཁྱད་པར་དུ་གྱུར་བ་དང༌།
གཉིས་པ་བསྒྲུབ་པ་ལ་ལྟོས་ཏེ་ཆེན་པོར་གྱུར་ཚུལ་ནི། ཐེག་པ་འོག་མ་དག་གིས་བདག་གཞན་གྱི་དོན་གཉིས་ལས་བདག་དོན་གཙོ་བོར་བསྒྲུབས་པ་དང༌།
གོང་མས་དོན་གཉིས་ཀ་ལ་ཁྱད་མེད་པར་བསྒྲུབས་པས་ཁྱད་པར་དུ་གྱུར།
གསུམ་པ་ཡེ་ཤེས་ལ་ལྟོས་ཏེ་ཆེན་པོར་གྱུར་ཚུལ་ནི། ཉན་རང་དག་གིས་བདག་མེད་གཉིས་རྟོགས་པའི་ཡེ་ཤེས་ལས།
གང་ཟག་བདག་མེད་རྟོགས་པའི་ཡེ་ཤེས་དེ་གཙོ་བོར་འཛིན་པ་དང༌། བྱང་སེམས་དག་གིས་བདག་མེད་གཉིས་ཀ་རྟོགས་པའི་ཡེ་ཤེས་དང་ལྡན་ཡང་གཙོ་བོ་ཆོས་ཀྱི་བདག་མེད་བཞེད་པས་ཁྱད་པར་དུ་གྱུར༎
བཞི་པ་བརྩོན་འགྲུས་ལ་བལྟོས་ཏེ་ཆེན་པོར་དུ་གྱུར་ཚུལ་ནི།
ཐེག་པ་འོག་མ་དག་གིས་རང་གི་འབྲས་བུ་འཐོབ་པ་ལ་ཚོགས་རྫོགས་དགོས་པར་བཤད་ཀྱང་། ཚོགས་རྫོགས་པའི་དུས་ཡུན་འདི་ཐེག་ཆེན་ལྟར་བསྐལ་ཆེན་གྲངས་མེད་གསུམ་གྱི་རྣམ་བཞག་མི་བྱེད་པས་ཁྱད་པར་དུ་གྱུར།
ལྔ་པ་ཐབས་ལ་བལྟོས་ནས་ཁྱད་པར་གྱུར་ཚུལ་ནི། ཐེག་པ་འོག་མ་དག་ཐབས་མི་མཁས་པས་འཁོར་བ་ལ་མི་གནས་ཀྱང་ཞི་བ་མྱང་འདས་ཙམ་ལ་གནས་པ་དང༌།
གོང་མ་དག་ཐབས་ལ་མཁས་པས་འཁོར་བ་དང་། ཞི་བ་མྱང་འདས་ཙམ་ལ་མི་གནས་པས་ཁྱད་པར་དུ་གྱུར།
དྲུག་པ་ཡང་དག་པར་འགྲུབ་པ་ལས་ཆེན་པོར་གྱུར་ཚུལ་ནི། སྟོབས་བཅུ་དང་།
མི་འཇིགས་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སོགས་སངས་རྒྱས་ཀྱི་ཡོན་ཏན་སོ་སོ་སྐྱེ་བོའི་བློ་ཡུལ་ལས་འདས་པ་དག་ལ།
ཐེག་དམན་དག་གིས་ཡང་དག་པར་དང་དུ་བླངས་ནས་མི་བསྒྲུབས་པ་དང་། ཐེག་ཆེན་དག་གིས་ཡང་དག་པར་བསྒྲུབས་པས་ཁྱད་པར་དུ་གྱུར།
བདུན་པ་ལས་ལ་བལྟོས་ཏེ་ཆེན་པོར་གྱུར་ཚུལ་ནི། འཁོར་བ་ཇི་སྲིད་ནམ་གནས་དེ་སྲིད་དུ་སངས་རྒྱས་ཀྱི་འཕྲིན་ལས་དག་ཐེག་དམན་དག་གིས་མི་སྒྲུབ་པ་དང་།
ཐེག་ཆེན་དག་གིས་སྒྲུབ་པས་ཁྱད་པར་དུ་གྱུར་ཏོ༎ དེས་ན་ཁྱད་པར་དུ་འཕགས་བྱ་བདུན་པོ་དག་ལས་ཁྱད་དུ་འཕགས་པས་ན་ཐེག་ཆེན་ནམ་སྐྱེས་བུའི་དབང་དུ་བྱས་ན་སྐྱེས་བུ་ཆེན་པོ་ཞེས་བརྗོད་པ་ཡིན་ཏེ།
ལམ་སྒྲོན་ལས།
རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས༎
གང་ཞིག་གཞན་གྱི་སྡུག་བསྔལ་ཀུན༎
ཡང་དག་ཟད་པར་ཀུན་ནས་འདོད༎
དེ་ལྟར་ཐེག་པ་ལ་ཕྱེ་ན་གསུམ་དང་། བསྡུས་ན་གཉིས་སུ་གྱུར་པ་དེ་དག་ཀྱང་མཐར་བཏུགས་ན་གཅིག་ལས་ཐ་དད་དུ་མེད་པ་ནི་དམ་ཆོས་པད་དཀར་ལས།
ཤཱརིའི་བུ་ང་ཡང་ཐེག་པ་གཅིག་ལས་བརྩམས་ཏེ་སེམས་ཅན་རྣམས་ལ་ཆོས་སྟོན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ།
ཐེག་པ་གཉིས་སམ་གསུམ་ཞེས་བྱ༌བ་གང་ཡང་མེད་དོ༎ ཞེས་གསུངས་པའི་ཕྱིར་རོ༎
ཐེག་པའི་རྣམ་གྲངས་གསུམ་པོ་སོ་སོ་ནས་ངོ་སྤྲོད་པ།
གོང་དུ་ཞུས་པ་བཞིན་ཐེག་པ་ལ་ཆེ་ཆུང་གཉིས་ལས་ཆུང་བ་ལ་གཉིས་དང་ཆེ་བ་གཅིག་བཅས་ཡོད་པ་དེ་དག་སོ་སོ་ནས་ངོ་སྤྲོད་སྟབས་བདེ་རེ་ཞུ་ན།
དང་པོ་ཉན་ཐོས་ཞེས་པའི་སྐད་དོད་དུ་ཤྲབཀ་ཞེས་བྱ་བས་དེ་དོན་ཉན་ཐོས་སམ་ཐོས་སྒྲོགས་ཏེ་རང་ཉིད་བླ་མའི་དྲུང་ནས་ཆོས་ཉན་ནས་གཞན་ལ་ཐོས་པར་བྱེད་པའམ་རང་གིས་ཐོས་ནས་གཞན་ལ་སྒྲོགས་པར་བྱེད་པས་ན་ཉན་ཐོས་སམ་ཐོས་སྒྲོགས་པ་ཞེས་བྱ།
གཉིས་པ་རང་རྒྱལ་གྱི་སྐད་དོད་དུ་པྲཏྱེཀ་བུདྡྷ་ཞེས་བྱ་བས་དེ་དོན་ནི།
ལམ་ཞུགས་སྐྱེས་བུ་གང་ཞིག་སྲིད་པ་ཐ་མའི་གནས་སྐབས་སུ་སླེབས་ཚེ་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་བལྟོས་མ་དགོས་པར་རང་སྟོབས་ཀྱིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཉམས་ལེན་ལ་བརྟེན་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་བྱེད་པས་ན་རང་རྒྱལ་ཞེས་བྱ།
གསུམ་པ་བྱང་ཆུབ་སེམས་ཀྱི་སྐད་དོད་དུ་བྷོདྷིསཏྭཱ་ཞེས་བྱ་བས་དེ་དོན་ནི།
ལམ་ཞུགས་ཀྱི་སྐྱེས་བུ་གང་ཞིག་དོན་གཉིས་ཕུན་སུམ་ཚོགས་པའི་གོ་འཕང་ཐོབ་པ་ལ་སྒྲིབ་གཉིས་མ་ལུས་པ་སྤང་རྒྱུ་དང་།
རྟོགས་བྱའི་ཆོས་ཀུན་ཁོང་དུ་ཆུད་པར་དཀའ་སྤྱད་ཀྱི་བརྩོན་པ་མི་འདོར་ཞིང་། དེ་ལྟ་བུའི་རང་གཞན་གྱི་དོན་རླབས་པོ་ཆེ་བསྒྲུབ་པར་སེམས་ཀྱི་སྙིང་སྟོབས་ནམ་ཡང་མི་ཞུམ་པར་དཔའ་བས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བའོ༎
སྐབས་འདིར་ཐེག་པ་ཞེས་པ་དེ་གསུམ་སོ་སོའི་ལམ་ལ་གོ་དགོས་པར་གོང་དུ་ཐེག་དོན་བཀྲལ་བའི་སྐབས་ཞུས་པ་བཞིན་ནོ༎
ཐེག་པ་གསུམ་པོ་སོ་སོའི་སྡེ་ཚན་དང་།
རང་བཞིན། གྲུབ་མཐའ་བཅས་ངོ་སྤྲོད་པ།
ཉན་ཐོས་ཐེག་པ།
དང་པོ་ཉན་ཐོས་ཐེག་པ་ལ་ནང་གསེས་སྡེ་ཚན་ནི། རྩ་བའི་སྡེ་པ་གནས་བརྟན་པ་ལས་མཆེད་པའི་ཕྱེས་པའི་ཕལ་ཆེན་པ་དང༌།
འཇིག་རྟེན་ལས་འདས་པར་སྨྲ་བ། ཐ་སྙད་གཅིག་པ། མང་དུ་ཐོས་པ། རྟག་པར་སྨྲ་བ། མཆོད་རྟེན་པ།
ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ་བཅས་བརྒྱད་དང༌། ཕལ་ཆེན་པ་ལས་མཆེད་པའི་གངས་རི་བ། ཐམས་ཅད་ཡོད་པར་སྨྲ་བ།
རྒྱུར་སྨྲ་བ། གནས་མ་བུ་པ། ཆོས་མཆོག་པ། བཟང་པོའི་ལམ་པ། ཀུན་གྱིས་བཀུར་བ། མངས་སྟོན་པ།
ཆོས་སྟོན་པ། ཆར་བཟང་འབེབས་པ་བཅུ་དང་གོང་གི་བརྒྱད་པོ་དག་བསྡོམས་པས་བཅོ་བརྒྱད་དུ་གྱུར་པ་དེ་དག་ཉན་ཐོས་པའི་སྡེ་ཚན་ཡིན།
གཉིས་པ་རང་བཞིན་ནི། ཤེས་བྱའི་ཆོས་ཕུང་ཁམས་སོགས་ཀྱི་གཞི་ལ་བདེན་བཞིའི་འཇུག་ལྡོག་མ་ནོར་བའི་ཚུལ་གྱིས་ཐོས་བསམ་གྱི་སྒྲོ་འདོགས་ཡོད་ཚད་ཆོད་པར་བྱས་ཏེ།
དགེ་སྦྱོང་ཆོས་བཞིའི་ཉམས་ལེན་དང་སྦྱར་ནས་ལམ་ལ་འཇུག་པ་མ་ཟད། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལེན་པ།
དེ་བཞིན་ཉོན་མོངས་དུག་གསུམ་གྱི་གཉེན་པོར་མི་སྡུག་པ་དང་བྱམས་པ་སོགས་དང་། བདེན་པ་བཞི་དང་རྟེན་ཅིང་འབྲེལ་བར་བྱུང་བའི་དོན་ཡང་དག་པར་སྒོམ་པའི་ཆེད་དུ།
བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་ལམ་ལྔ་ལ་བསྡུས་ཏེ་སྦྱངས་པས། མཐར་འབྲས་བུར་ཁམས་གསུམ་ལས་ཐར་པའི་ཐར་པ་སྟེ་ཞི་བའི་གོ་འཕང་ཐོབ་པར་བྱེད།
གསུམ་པ་གྲུབ་མཐའ་ནི། ཐེག་པ་འདི་ལ་གྲུབ་མཐའི་དབང་དུ་བྱས་ན་བྱེ་བྲག་སྨྲ་བ་དང༌།
མདོ་སྡེ་པ་བཅས་གཉིས་སུ་ཡོད་པ་དེ་དག་གི་གྲུབ་མཐའི་ས་མཚམས་ཞུ་བ་ལ། ཐུན་མོང་གི་འདོད་པ་དང་།
ཐུན་མིན་སོ་སོའི་བཞེད་པ་གཉིས་སུ་ཡོད་པ་ལས། དང་པོ་ཐུན་མོང་གི་འདོད་པ་ལ་ཁས་ལེན་རྣམ་པ་བདུན་ཡོད་དེ།
1 ཤེས་པར་བྱ་བའི་ཡུལ་ལ་སྡུག་བསྔལ་བདེན་པ་སོགས་བདེན་པ་བཞི་ཡོད་པར་ཁས་ལེན་པ་དང་།
2 གཟུགས་རགས་པ་རྣམས་ཀྱི་རྩོམ་གཞི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང༌། ཤེས་པའི་རྩོམ་གཞི་ཤེས་པ་སྐད་ཅིག་ཆ་མེད་གཉིས་དོན་དམ་པའམ་གཞིག་རྒྱུ་མེད་པའི་བདག་ཉིད་དུ་ཡོད་པའམ་གྲུབ་པར་ཁས་ལེན།
3 ཁམས་གསུམ་འཁོར་བར་སྐྱེ་བའི་རྒྱུ་མ་ལུས་པ་ཟད་པའི་དགྲ་བཅོམ་ལྷག་མེད་དེ་མྱང་འདས་མཐར་ཐུག་ཏུ་ཁས་ལེན།
4 རེས་མོས་སུ་ཡོད་པའི་ཚོགས་དྲུག་གི་ཤེས་པ་དག་ལས་ལོགས་སུ་ཀུན་གཞི་མི་དམིགས་པས་ཀུན་གཞི་མེད་པར་ཁས་ལེན།
5 ཐེག་ཆེན་གྱི་མདོ་སྡེ་དག་ནི་བསྟན་པའི་དགྲ་བོ་དག་གིས་བསྟན་པ་ལ་ཐོ་བརྩམ་པའི་ཕྱིར་བྱས་པ་ཡིན་ཏེ།
ཐེག་དམན་གྱི་སྡེ་སྣོད་གསུམ་དང་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ལས་འགལ་བའི་ཕྱིར་ཞེས་བརྗོད་དེ་ཐེག་ཆེན་དེ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་ཁས་ལེན།
6 ས་དང་པོའི་གནས་སྐབས་ན་བདེན་པ་མཐོང་ཟིན་ན་སྐྱེས་བུ་རབ་དེ་ད་དུང་མུ་མཐུད་དེ་ཡུན་རིང་བར་འཁོར་བར་གནས་མི་དགོས་པར་སྦྱོར་ལམ་ཡན་ཆད་སྟན་ཐོག་གཅིག་ལ་སངས་རྒྱས་པར་ནུས་པས་ས་བཅུའི་རིམ་པ་དག་དགོས་མེད་ཡིན་པས་དེ་མེད་པར་ཁས་ལེན།
7 སངས་རྒྱས་ཞེས་པ་ཐེག་པ་ཆེན་པོ་ལྟར་ཐམས་ཅད་སངས་རྒྱས་རུང་ཡིན་པར་མི་བཞེད་པར།
དེ་བཞིན་རྣམ་སྨིན་གྱི་ལྷག་མ་དང་བཅས་པས་སྤྲུལ་པའི་སྐུ་ཡིན་པའང་མི་བཞེད། འོ་ན་ཇི་འདྲ་ཞིག་ལ་སངས་རྒྱས་ཞེས་བྱ་ཞེ་ན།
དེ་ནི་སྐྱེས་བུ་རབ་ཡིན་པ་གང་ཞིག་བསྐལ་པ་གྲངས་མེད་ཀྱི་བར་འཁོར་བའི་སྡུག་བསྔལ་བསྲན་ནུས་པའི་བདག་ཉིད་དམིགས་བསལ་ཅན་གྱི་གང་ཟག་དམ་པ་ཞིག་ལ་སངས་རྒྱས་སུ་ཁས་བླངས་པས་སངས་རྒྱས་རང་རྒྱུད་དུ་ཁས་ལེན་པ་ཞེས་བྱ་བ་དང་བཅས་བཞེད་ཚུལ་བདུན་པོ་དག་ནི་དེ་དག་ཐུན་མོང་གི་གྲུབ་མཐའི་བཞེད་མཚམས་ཡིན།
ཐུན་མིན་བྱེ་མདོ་སོ་སོའི་བཞེད་པ་རྣམས་ནི་གྲུབ་མཐའ་ཡིག་ཆ་རྣམས་སུ་རྒྱས་པར་གསལ་བས་འདིར་ལས་དང་པོ་བ་དག་ལ་མགོ་བོ་འཐོམ་པའི་རྐྱེན་དུ་གྱུར་བར་དྭོགས་ནས་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས་སོ༎
རང་རྒྱལ་ཐེག་པ།
གཉིས་པ་རང་རྒྱལ་ཐེག་པའི་ནང་གསེས་སྡེ་ཚན་ནི། ཉན་ཐོས་ཐེག་པའི་སྐབས་ནས་ཕྱེ་བའི་སྡེ་པ་བཅོ་བརྒྱད་ལས་ལོགས་སུ་མེད་མོད།
འོན་ཀྱང་སྐབས་རེ་རང་རྒྱལ་གྱི་གཤིས་ལ་སྦྱར་ཏེ་ཕྱེ་ན་སྡེ་ཚན་གཉིས་སུ་ཕྱེ་སྲོལ་ཀྱང་ཡོད་དེ།
ཚོགས་ན་སྤྱོད་པ་དང༌། བསེ་རུ་ལྟ་བུའི་རང་རྒྱལ་ཡིན་ནོ།
གཉིས་པ་རང་བཞིན་ནི། རང་རྒྱལ་པ་དག་གི་ཡེ་ཤེས་སམ་མཁྱེན་པ་ནི་ཉན་ཐོས་ལ་བལྟོས་ཏེ་ཁྱད་པར་དུ་འཕགས་པ་པའམ་ཟབ་པ་ཡིན་ཏེ།
མངོན་རྟོགས་རྒྱན་ལས།
རང་བྱུང་བདག་ཉིད་རྟོགས་པའི་ཕྱིར༎
གཞན་གྱིས་བསྟན་ཡང་མི་དགོས་ལ༎
བསེ་རུ་ལྟ་བུའི་ཡེ་ཤེས་ནི༎
དེ་དག་ནི་བསྐལ་པ་བརྒྱའི་བར་དུ་ཚོགས་གསག་དགོས་པར་ལྟ་བ་བ་མ་ཟད།
གོམས་པ་ཤུགས་ཆེར་སྔོན་སོང་གི་སྟོབས་ཀྱིས་སྲིད་པ་ཐ་མ་པའི་སྐྱེས་བུ་ལགས་པས། ཉན་ཐོས་པ་བཞིན་རང་གི་བླ་མའི་དྲུང་ནས་བླང་དོར་གྱིས་ཐོས་པ་མ་བསགས་པར་རང་གི་ལམ་ལ་རང་སྟོབས་ཀྱིས་འཇུག་མ་ཐུབ་པ་ལྟ་བུ་མིན་པར།
རང་སྟོབས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཐབས་ལ་བརྟེན་ནས་དམ་པའི་དོན་ཏེ་གཞི་བདེན་བཞིའི་གནས་ལུགས་ལ་ཕྱིན་ཅི་མ་ལོག་པར་དཔྱད་ནས་གང་ཟག་གི་བདག་དང་གཟུང་བ་རང་བཞིན་མེད་པར་རྟོགས་ཏེ་མཐར་རང་སངས་རྒྱས་ཀྱི་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་དོ༎
གསུམ་པ་གྲུབ་མཐའི་རྣམ་བཞག་ནི། གོང་དུ་ཉན་ཐོས་ཐེག་པའི་སྐབས་ནས་བཤད་པའི་གྲུབ་མཐའི་རྣམ་བཞག་ལས་ལོགས་སུ་གསལ་ཁ་དོད་པོ་དེ་འདྲ་ཞིག་ཕྲན་གྱིས་ད་བར་མ་མཐོང་རུང་།
དགེ་བའི་བཤེས་གཉེན་རྣམས་ལ་བཀའ་དྲི་ཞུས་པ་ན་ཁོང་རྣམས་ནས་གསུང་དོན་ཉན་རང་གཉིས་ཀྱི་དབར་ཁྱད་པར་ཕྱེ་ན་དོན་ཚན་བཞིས་སྒོ་ནས་ཁྱད་པར་འབྱེད་ནུས་པར་གསུངས་པས།
དོན་ཚན་བཞི་ནི། དང་པོ་ཕྱི་རོལ་གཟུང་བ་དོན་དུ་གྲུབ་པར་འཛིན་པའི་རྟོག་པ་ཉིད་སྤང་བྱར་ལྟ་བ་དང་།
གཉིས་པ་ཕྱི་རོལ་གཟུང་བ་དོན་དུ་གྲུབ་པས་སྟོང་པ་ཉིད་བསྒོམ་བྱ་གཙོ་བོར་བྱེད་དོ། དེ་ཡང་ཇི་སྐད་དུ།
གཟུང་དོན་རྟོག་པ་སྤང་ཕྱིར་དང༌༎
འཛིན་པ་མི་སྤང་ཕྱིར་དང་ནི༎
བྱང་སེམས་ཐེག་པ།
གསུམ་པ་བྱང་སེམས་ཐེག་པའམ་ཐེག་ཆེན་ལ་ནང་གསེས་སྡེ་ཚན་ནི།
དམིགས་བསལ་ཕྱེ་པ་དེ་འདྲ་མེད་ནའང་། དགོས་པའི་དབང་གིས་སྡེ་ཚན་ཕྱེ་ན་སེམས་བསྐྱེད་ཀྱི་ཐོག་ནས་དབྱེ་རྒྱུ་ཡོད་དེ།
རྒྱལ་པོ་ལྟ་བུའི་སེམས་བསྐྱེད་བཅང་པའི་ཐེག་ཆེན་འཕགས་པའི་གང་ཟག་ཅིག་དང༌། དེད་དཔོན་ལྟ་བུའི་སེམས་བསྐྱེད་འཆང་མཁན་གྱི་འཕགས་པའི་གང་ཟག
ལུག་རྫི་ལྟ་བུའི་སེམས་བསྐྱེད་འཆང་མཁན་གྱི་འཕགས་པའི་གང་ཟག་བཅས་གསུམ་དུ་བསྡུའོ༎
གཉིས་པ་རང་བཞིན་ནི། ཐེག་པ་ཆེན་པོའི་རིགས་སུ་ངེས་པའི་སྐྱེས་བུ་དེ་དག་གིས་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་དེ་ཟབ་པའི་ཆོས་ཏེ་བདག་མེད་གཉིས་ཀྱི་དོན་དང༌།
རྒྱ་ཆེ་བའི་ཆོས་ཏེ་ས་བཅུ་དང་ལམ་ལྔའི་བདག་ཉིད་ཅན་གྱི་ཆོས་དག་འབྲེལ་མེད་སོ་སོ་བའི་བདག་ཉིད་དུ་མི་བལྟ་བར་དེར་ཞུགས་ཀྱི་སྐྱེས་བུ་དེ་དག་ནི་ཐབས་ལ་ཤིན་ཏུ་མཁས་པས་ཟུང་འཇུག་ཏུ་གྲུབ་ནས།
སྲིད་པ་ཁམས་གསུམ་འཁོར་བ་དང༌། ཞི་བ་མྱ་ངན་ལས་འདས་པ་གཉིས་ལ་སྐྱོན་ཡོན་དུ་མི་སེམས་པར་མཉམ་ཉིད་དུ་ཤེས་པས་བླ་མེད་མྱང་འདས་ལ་ངེས་པར་བྱུང་བའི་ལམ་མཆོག་ལ་འཇུག་པ་ཡིན་པར་གྲགས།
འདིར་ལམ་མཆོག་ཅེས་པ་དེ་དག་ཐམས་ཅད་བསྡུས་ཏེ་བརྗོད་ན། ཕར་ཕྱིན་དྲུག ཚད་མེད་བཞི། མངོན་པར་ཤེས་པ་དྲུག
བསྡུ་བའི་དངོས་པོ་བཞི། སོ་སོ་ཡང་དག་པའི་རིག་པ་བཞི། རྟོན་པ་བཞི། ཚོགས་གཉིས། བྱང་ཕྱོགས་སོ་བདུན།
ཞི་ལྷག་གཉིས། གཟུངས་སྤོབས་གཉིས། ཆོས་ཀྱི་སྡོམ་བཞི། གཅིག་པུས་བགྲོད་པའི་ལམ་བཅས་ཀྱི་ནང་ཡོངས་སུ་བསྡུས་པར་གྱུར་རོ༎
གསུམ་པ་གྲུབ་མཐའ་ནི། སྤྱིར་ཐེག་ཆེན་ལ་མདོ་སྔགས་གཉིས་སུ་ཡོད་ཀྱང་དེ་དག་གཉིས་པོ་སེམས་ཙམ་པ་དང༌།
དབུ་མ་ཐལ་རང་བཅས་ཀྱི་གྲུབ་མཐའ་གསུམ་གྱི་ནང་དུ་བསྡུ་བར་གྱུར། དེ་ལྟ་བུའི་གྲུབ་མཐའ་གསུམ་པོ་དེ་དག་ནི།
ཐོག་མའི་སྲོལ་གཏོད་པ་པོ་དག་གིས་མཉམ་མེད་ཐུབ་པའི་དབང་པོའི་ཐེག་ཆེན་བཀའི་མདོ་སྡེ་རྣམས་ལ་དགོངས་པ་བཀྲལ་ཚུལ་ལ་ཁྱད་པར་སོང་བའི་དབང་གིས་གྲུབ་མཐའི་བཞེད་མཚམས་ལ་ཁྱད་པར་ཕྲན་བུ་རེ་བྱུང་བས་རྣམ་གྲངས་གསུམ་དུ་གྱུར་བ་དེ་དག་གི་གྲུབ་མཐའི་བཞེད་མཚམས་སྐོར་སོ་སོའི་གཞུང་ཆེན་དང་།
གྲུབ་མཐའ་དག་གི་ནང་ཤིན་ཏུ་གསལ་ཤིང་རྒྱས་པར་གསུངས་ཡོད་ནའང་དོན་དུ་ཐེག་ཆེན་ཐུན་མོང་གི་གྲུབ་མཐའི་བཞེད་མཚམས་མདོར་བསྡུ་ན།
གཞི་བདེན་པ་གཉིས་ལ། ལམ་ཐབས་ཤེས་གཉིས་ཀྱིས་བསྡུས་པའི་ས་བཅུ་ལམ་ལྔ་ལ་བརྟེན་ཏེ་འཇུག་ལྡོག་བྱས་པ་ལས།
ལམ་གྱི་སྤང་བྱ་བདག་འཛིན་དང་བདེན་འཛིན་གྱི་འཛིན་པ་གཉིས་པོ་མ་ལུས་པ་སྤངས་པ་ལས་མཐར་རང་དོན་དུ་སྤངས་པ་ཕུན་ཚོགས་མཐར་ཕྱིན་པའི་སྐུ་སྟེ་ཆོས་སྐུ་དང༌།
གཞན་དོན་དུ་རྟོགས་པ་ཕུན་ཚོགས་མཐར་ཕྱིན་པའི་སྐུ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ཡང་དག་པར་མངོན་དུ་བྱས་པ་ནི་ཐེག་ཆེན་ཐུན་མོང་བའི་གྲུབ་མཐའི་བཞེད་མཚམས་ཡིན།
འོ་ན་ཐེག་ཆེན་ཐུན་མོང་གི་མཐར་ཐུག་གི་བཞེད་མཚམས་ལ་དམིགས་བསལ་གྱི་ཁྱད་པར་འདྲ་མེད་ན་ཅི་ཕྱིར་སེམས་ཙམ་དང༌།
དབུ་མ་ལ་རང་རྒྱུད་དང་ཐལ་གྱུར་གཉིས་བཅས་གསུམ་དུ་ཅིའི་ཕྱིར་གྱུར་ཅེ་ན། སྤྱིར་རྩ་བས་དེ་གསུམ་ག་ཡུམ་ཆེན་མོའི་བསྟན་དོན་རྣམས་ཁས་བླངས་པས་ཡུམ་ཆེན་མོའི་མཐར་ཐུག་གི་བསྟན་དོན་དེ་ལས་མ་འདས་པའི་རྒྱུ་མཚན་གྱིས་གྲུབ་མཐའི་མཐར་ཐུག་གཞི་ལམ་འབྲས་གསུམ་གཏན་ལ་འབེབས་པའི་སྐབས་ཁྱད་པར་མེད་ནའང་།
གོང་དུ་ཞུས་པ་བཞིན་གནས་སྐབས་གདུལ་བྱ་དབང་པོ་རྣོ་བརྟུལ་དེ་དག་ལ་གཟིགས་ཏེ་དེ་གསུམ་སོ་སོའི་ཤིང་རྟ་སྲོལ་འབྱེད་རྣམས་ནས་དགོས་པའི་དབང་གིས་བདེན་པའི་གནས་དོན་བཀྲལ་ཐབས་བྱས་པ་ལས་ཁྱད་པར་དུ་གྱུར་བ་ཡིན་ཏེ།
དང་པོ་སེམས་ཙམ་པ་དག་ནི་གཙོ་བོ་ཕྱི་རོལ་ཡུལ་གྱི་བདེན་ཞེན་འགོག་རྒྱུ་གཙོ་བོར་དམིགས་ནས་ཕྱི་དོན་ལ་འཛིན་པ་སྐྱེ་འོས་པའི་བདེན་པར་གྲུབ་པའི་ཆོས་ཤིག་གཏན་ནས་མི་བཞེད་པ་དང༌།
དེ་བཞིན་ཤེས་པ་ཀུན་དོན་དམ་དུ་ཁས་མི་ལེན་པར། ཤེས་པ་རང་རིག་རང་གསལ་ཁོ་ན་བདེན་པར་གྲུབ་པའམ་དོན་དམ་པར་ཁས་ལེན་ཏེ་ཉི་ཤུ་པ་ལས།
ཇི་སྐད་དུ།
འདི་དག་རྣམ་པར་རིག་ཙམ་ཉིད།།
ཡོད་པ་མ་ཡིན་དོན་སྣང་ཕྱིར།།
དཔེར་ན་རབ་རིབ་ཅན་དག་གིས༎
སྐྲ་ཟླ་ལ་སོགས་མེད་མཐོང་བཞིན༎[9] ཞེས་གསུངས་པ་ལྟར་རོ༎ དེ་དག་གི་གྲུབ་མཐའ་མ་ལུས་པ་མཚན་ཉིད་གསུམ་གྱི་ལམ་ནས་གཏན་ལ་འབེབས་པར་བྱེད་པས།
མཚན་ཉིད་གསུམ་ནི་ཀུན་བཏགས། གཞན་དབང་། ཡོངས་གྲུབ་གསུམ་ཡིན་ནོ༎ དེ་གསུམ་བདེན་པ་གཉིས་ཀྱི་ནང་བསྡུས་ན།
ཀུན་བཏགས་ཀུན་རྫོབ་བདེན་པ་དང༌། གཞན་དབང་ལ་ཀུན་རྫོབ་ཀྱི་ཆར་གྱུར་པ་དང༌། དོན་དམ་གྱི་ཆར་གྱུར་པ་གཉིས་ཀ་ཡོད།
ཡོངས་གྲུབ་ནི་དོན་དམ་པར་ཁས་ལེན་ནོ༎ ལམ་གྱི་སྤང་བྱ་མཐར་ཐུག་ཆོས་ཀྱི་བདེན་འཛིན་ཡིན་པར་བཞེད་པ་དང་དེ་སྤང་པའི་ཐབས་སུ་གཙོ་བོ་སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་བའི་བདག་མེད་གཉིས་སྒོམ་པ་ལ་ས་སྟེང་འདི་ན་གྲུབ་མཐའི་ཡང་རྩེར་གྲགས་པའི་དབུ་མ་པ་དང་ཁྱད་པར་མེད་ཀྱང་།
ཤེས་པ་རང་རིག་རང་གསལ་བདེན་གྲུབ་ཏུ་འདོད་པ་འདི་ནི་གྲུབ་མཐའ་འདིའི་ཞན་ཆའམ་དབུ་མ་པས་དགག་བྱ་གཙོ་བོ་ཡིན།
མདོར་ན་ལུགས་འདི་ཉིད་གཙོ་བོ་ཕྱི་རོལ་ཡུལ་གྱི་བདེན་ཞེན་འགོག་པ་ལ་རྩལ་དུ་བཏོན་པ་གང་ཞིག་ཤེས་པ་རང་རིག་རང་གསལ་བདེན་པར་གྲུབ་པ་ཁས་ལེན་པའི་གྲུབ་མཐའ་ཡིན་ནོ༎
གཉིས་པ་དབུ་མ་ཐལ་རང་[10]གཉིས་འཆད་པ་ལ།
གངས་ཅན་ལྗོངས་འདིར་དེ་གཉིས་ཀྱི་མཐར་ཐུག་ལྟ་བ་མཐའ་བཞི་སྤྲོས་བྲལ་དབུ་མ་ཆེན་པོ་ཆེན་པོ་ཉིད་ཡིན་མིན་ཐད་སྔ་འགྱུར་བ་རྣམས་དང་གསར་མ་བ་རྣམས་ཀྱི་དབར་དགོངས་ཚུལ་མི་མཐུན་པ་ཡོད་དེ་སྔ་འགྱུར་བ་རྣམས་ཀྱིས་ཁྱད་པར་མེད་པ་དང༌།
གསར་མ་བ་རྣམས་ཀྱིས་ཁྱད་པར་ཡོད་པར་འདོད། འོན་ཀྱང་འདིར་རང་ཉིད་སྔ་འགྱུར་གྱི་གཞུང་ལ་ཏོག་ཙམ་སྦྱངས་པ་བྱེད་རིང་མཐོང་ཐོས་འབྱུང་བ་དག་ལ་གཞི་བཞག་སྟེ་མདོ་ཙམ་ཞུ་ན།
རྣལ་བྱོར་སྤྱོད་པའི་དབུ་མ་རང་རྒྱུད་དེ་མཐར་ཐུག་གི་ལྟ་བ་མཐའ་བཞི་སྤྲོས་བྲལ་དབུ་མ་ཆེན་པོའམ་དབྱིངས་ཡེ་ཟུང་འཇུག་གི་དོན་ཏེ་རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་ལ་འབེབས་ཚུལ་ལ་ཐལ་གྱུར་པ་དང་ཁྱད་པར་སྤུ་ཙམ་ཡང་མེད་དེ་རྒྱན་ལས།
འདི་སྐད་དུ། ཡང་དག་ཏུ་ན་སྤྲོས་པ་ཡི༎
ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན༎ [11]ཞེས་པའི་སྐབས་སུ་མཐར་ཐུག་དོན་དམ་སྟེ་རྣམ་གྲངས་མིན་པའི་དོན་དམ་དེ་ཉིད་སྤྲོས་པའི་ཚོགས་ཀུན་དང་བྲལ་བ་ཡིན་པར་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་ཀྱང་བཞེད་ཀྱི་ཡོད་པ་གྲུབ་པའི་ཕྱིར་རོ༎
འོ་ན་དེ་གཉིས་ཀྱི་ཁྱད་པར་ཕྲན་བུ་འགྱུར་སའི་གནས་གང་དང་གང་ཡིན་ཞེ་ན།
རྣམ་གྲངས་དང་རྣམ་གྲངས་པའི་དོན་དམ་གང་རྩལ་དུ་སྟོན་མིན་དང་། ཐ་སྙད་རྣམ་བཞག་ཁས་བླང་ཚུལ།
ཕས་རྒོལ་ལ་གཏན་ཚིགས་འགོད་ཚུལ་བཅས་གསུམ་གྱི་སྒོ་ནས་ཁྱད་པར་དུ་གྱུར་བ་ཡིན་པས་དེ་དག་ཅུང་ཟད་བཀྲལ་ན།
རང་རྒྱུད་པ་དག་གིས་ཐེག་ཆེན་རིགས་ངེས་ཀྱི་གང་ཟག་དབང་པོ་ཅུང་ཟད་ཞན་པ་དག་ལ་ཐད་ཀར་རྣམ་གྲངས་མ་ཡིན་པའི་དོན་དམ་བཤད་ན་བློ་འཆལ་བར་དོགས་ནས།
ཐབས་མཁས་ངང་རྣམ་གྲངས་མིན་པའི་དོན་དམ་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ་ཕན་ཐོགས་པའི་ཕྱིར་རམ་དབང་ཞན་རྣམས་དམ་པའི་དོན་ལ་བློ་རྩལ་གོམས་ཕྱིར་རྣམ་གྲངས་བའི་དོན་དམ་དེ་ཉིད་རྩལ་དུ་བསྟན་ནས་འཆད་པའོ༎
དེ་ཡང་དབུ་མ་རྒྱན་ལས། འདི་སྐད་དུ།
དེ་ཕྱིར་ཡང་དག་ཉིད་དུ་ན༎
དངོས་པོ་གང་ཡང་གྲུབ་པ་མེད༎
དེ་ཕྱིར་དེ་བཞིན་གཤེགས་རྣམས་ཀྱིས༎
ཆོས་རྣམས་ཐམས་ཅད་མ་སྐྱེས་གསུངས༎[12] ཞེས་པའི་སྐབས་ནས་ལུང་རིགས་གཉིས་ཀྱི་སྒོ་ནས་རྣམ་གྲངས་བའི་དོན་དམ་དེ་རྩལ་དུ་སྟོན་ནས་སྒྲུབ་པའི་ཕྱིར་རོ༎
གཉིས་པ་ཐ་སྙད་གཏན་ལ་འབེབས་པའི་གནས་སྐབས་དེ་གཉིས་དབར་ལ་ཁྱད་པར་ནི་ཐལ་གྱུར་བས་གང་འཇིག་རྟེན་ན་གྲགས་པ་དེ་ལྟར་ཁས་ལེན་པ་ལས་ལོགས་སུ་ཁས་ལེན་དམིགས་བསལ་བ་གང་ཡང་མེད་པར་འདོད་དེ།
འཇུག་པ་ལས། ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས༎
འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས༎
འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱས༎[13] ཞེས་པའི་གོང་དོན་གསལ་བར་གསུངས་པའི་ཕྱིར་ཐལ་གྱུར་འཇིག་རྟེན་གྲགས་པ་ཙམ་ལ་ཐ་སྙད་དུ་འདོད་པ་དང་།
རང་རྒྱུད་པས་ནི་མ་བརྟག་པའི་གནས་སྐབས་གཅིག་བུ་ཉམས་དགའ་དགའ་ལྟར་སྐྱེ་བ་དང་འཇིག་པ་ལ་སོགས་པའི་དོན་བྱེད་ནུས་པ་གང་ཡིན་པ་དེ་ཐ་སྙད་ཀུན་རྫོབ་ཀྱི་ཆོས་སུ་ཁས་ལེན་པ་མ་ཟད་དེའི་རྣམ་བཞག་གཏན་ལ་འབེབས་པའི་གནས་སེམས་ཙམ་པ་དང་དགོངས་པ་མཐུན་པར་གཏན་ལ་འབེབས་པར་བྱས་སོ༎
དེ་ལྟར་ཡིན་པའང་རྒྱན་ལས།
སེམས་ཙམ་ལ་ནི་བརྟེན་ནས་སུ༎
ཕྱི་རོལ་དངོས་རྣམས་ཤེས་པར་བྱ༎[14]ཞེས་གསུངས་པའི་ཕྱིར་རོ༎ དེས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་འདི་ལ་ཚུལ་གཉིས་ཟུང་དུ་འབྲེལ་བའི་ལུགས་ཞེས་ཀྱང་བྱའོ༎
གསུམ་པ་གཏན་ཚིགས་འགོད་ཚུལ་ཐོག་ནས་ཁྱད་པར་འགྱུར་ཚུལ་ནི།
ཐལ་གྱུར་བ་རྣམས་ཀྱིས་གཏན་ཚིགས་ཐལ་གྱུར་དུ་བཀོད་ཐབས་བྱེད་པ་དང༌། རང་རྒྱུད་པ་རྣམས་ཀྱིས་ཚུལ་གསུམ་ཚང་པའི་གཏན་ཚིགས་རང་རྒྱུད་ཀྱི་སྒོ་ནས་བཀོད་ཐབས་བྱེད་པར་བརྟེན་དེ་གཉིས་ལ་ཁྱད་པར་གྱུར་བ་མ་ཟད་ལུགས་འདི་གཉིས་ལ་ཐལ་རང་ཞེས་པའི་ཐ་སྙད་ཀྱང་དེ་ནས་ཐོགས་པར་གྲགས།
དེ་ལྟར་ཁྱད་པར་ཕྲན་བུ་ཙམ་ལས་མཐར་ཐུག་སྤྲོས་པ་མ་ལུས་ཞི་བའི་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་གྱི་ལམ་ཉམས་སུ་ལེན་ཚུལ་དང་འབྲས་བུ་མངོན་དུ་བྱེད་ཚུལ་དག་ལ་ཁྱད་པར་ཁབ་ཀྱི་རྩེ་མོ་ཙམ་ཡང་མེད་པར་སྔ་འགྱུར་གྱི་མཁས་གྲུབ་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཞེད་པར་མཛད་དོ༎
འདིར་དབུ་མའི་ནང་ཁུལ་གྱི་ཁྱད་པར་དག་དགོས་པའི་དབང་གིས་ཅུང་ཟད་སྤྲོས་བཤད་གྱིས་པ་ཙམ་ལས།
ད་ལྟ་ཐེག་ཆེན་གྲུབ་མཐའ་བཤད་པའི་སྐབས་འདིར་གཙོ་བོ་དབུ་སེམས་གཉིས་ཀྱི་ལྟ་བའི་ཁྱད་པར་བཤད་དགོས་རྒྱུ་དེ་ལགས་པས་དེ་དོན་ཅུང་ཟད་སྤྲོས་ཏེ་གོང་དུ་སོ་སོའི་སྐབས་ནས་ཞུས་ཟིན་ཀྱང་།
དགོས་པའི་དབང་གིས་དབུ་སེམས་གཉིས་ཀྱི་དབར་ལྟ་བའི་ཁྱད་པར་གཙོ་བོ་མདོར་སྒྲིལ་ནས་ཞུ་ན།
སེམས་ཙམ་པས་ཤེས་བྱ་མེད་པར་འདོད་པ་དང༌། དབུ་མ་པས་ཤེས་བྱ་ཙམ་དུ་མ་ཟད་བློ་ཡང་མེད་པར་འདོད་པས་ཁྱད་པར་དུ་གྱུར་བ་ཡིན།
དེ་ཡང་འཇུག་པ་ལས། འདི་སྐད་དུ།
མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན༎
དེ་ལྟར་རེ་ཞིག་ཐེག་པ་རིམ་པ་གསུམ་གྱི་རྣམ་བཞག་མདོར་བསྡུས་ཤིག་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་དང༌།
བཀའ་དྲིན་གཞལ་མཐའ་བྲལ་བའི་དགེ་བའི་བཤེས་རྣམས་ཀྱི་ཞལ་གསུངས་དྲོན་མོར་གཞི་བཅོལ་ཏེ་རང་བློས་གང་ལྕོགས་ཞིག་ཟིན་ཐོའི་གཟུགས་སུ་སྤེལ་བ་དེའི་ནང་གནས་དོན་གང་མང་ཐད་ནོངས་ཟིན་ཡོད་ངེས་པས་དགེ་བའི་བཤེས་གཉེན་རྣམས་དང་རྣམ་དཔྱོད་ཀྱི་གོ་རྒྱ་ཡངས་པའི་ཆོས་གྲོགས་རྣམས་ནས་ནོར་བ་ཡོ་སངས་ཀྱི་བཀའ་སློབ་ཅིས་ཀྱང་སྩལ་གནང་ཡོང་བ་ཞུ་རྒྱུ་ཡིན།
དེ་བཞིན་སྐབས་དོན་འདི་རྒྱུས་དགོངས་སེལ་ཞུ་དགོས་པ་ཞིག་ནི་ཐོག་མ་ཕྲན་ལ་ནང་གཞོན་ལྷན་ཚོགས་ནས་རྩོམ་ཡིག་དེ་ཚིག་ལས་སླ་པོའི་ཐོག་ནས་ངེས་པར་དགོས་སྐོར་གསུངས་ཀྱང་།
གཞུང་ཆེན་ཆེན་མོའི་ཚིག་རྣམས་ཀྱི་དོད་དུ་ཕལ་ཚིག་རྣམས་སྦྱོར་ཚེ་ཕྱོགས་ཅིག་ནས་སྒྲིག་པ་ལྟར་གནང་ཡང་སྐབས་དོན་གཞུང་ཚིག་བསྟན་དོན་ཆ་ཚང་བའི་དོད་བྱེད་དཀའ་བར་མཐོང་ནས་བརྡ་ཆན་ཕལ་ཆེ་བའི་དོད་དུ་ཕལ་ཚིག་བཀོད་མ་ནུས་པས་བཟོད་གསོལ་ཞུ་བཞིན་ཡོད།
མཐའ་དོན་རྣམ་དཀར་བློ་སྔོན་དུ་བཏང་ནས་ཟིན་ཐོ་སྤེལ་བ་འདི་ལ་རྣམ་དཀར་དགེ་བའི་ཆ་ཕྲན་བུ་མཆིས་ན་དེས་མཐུས་རང་འདྲ་ལས་དང་པོ་རྣམས་ནས་དོན་ཟབ་མོའི་བསྟན་དོན་དག་དེ་བླགས་ཏུ་རྟོགས་པའི་རྒྱུར་གྱུར་ཅིག་ཅེས་འཆལ་པོ་བདེ་ཆེན་རྡོ་རྗེ་ནས་༢༠༡༠་ཟླ་བ་༩
ཚེས་༢༧ ཕྱི་དྲོ་ཞི་འཚོ་དཔེ་མཛོད་ཁང་དུ་མཇུག་སྒྲིལ་བ་བགྱིས་པའོ།།
བྷབཏུ་སརྦ་མངྒ་ལམ
[9] སློབ་དཔོན་དབྱིག་གཉེན། ཉི་ཤུ་པའི་རྩ་འགྲེལ། ཝཱཎ་བཀའ་བརྒྱུད་ཉམས་སྐྱོང་ཚོགས་པས་ཕྱི་ལོ་2004ལོར་དཔར་དུ་བསྐྲུན་པའི་ཤོག་གྲངས། 1
[11] ཞི་བ་འཚོ། དབུ་མ་རྒྱན་རྩ་བ། ཕྱི་ལོ་1986་ལོར་ཝཱཎ་མཐོ་སློབ་རྙིང་མའི་བདེ་ལྷན་ནས་དཔར་དུ་བཏབ་པའི་རྒྱན་གྱི་རྩ་བ་དང་་
རང་འགྲེལ་གྱི་ཤོག་གྲངས། 13 ཡིག་ཕྲེང༌། 9
[12] ཞི་བ་འཚོ། དབུ་མ་རྒྱན་རྩ་བ།
ཕྱི་ལོ་1986་ལོར་ཝཱཎ་མཐོ་སློབ་རྙིང་མའི་བདེ་ལྷན་ནས་དཔར་དུ་བཏབ་པའི་རྒྱན་གྱི་རྩ་བ་དང་
རང་འགྲེལ་གྱི་ཤོག་གྲངས། 12་ཡིག་ཕྲེང༌།12
[13] ཟླ་བ་གྲགས་པ།
འཇུག་པ། སེམས་བསྐྱེད་དྲུག་པ། ཤོ་ལོ་ཀ 81
ཕྱི་ལོ་1999་ལོར་ཝཱཎ་མཐོ་སློབ་ས་སྐྱའི་བདེ་ལྷན་ནས་དཔར་དུ་བཏབ་པའི་འཇུག་པའི་རྩ་བ་དང་རང་འགྲེལ་གྱི་ཤོག་གྲངས། 173 ཡིག་ཕྲེང༌།13
[14] ཞི་བ་འཚོ། དབུ་མ་རྒྱན་རྩ་བ།
ཕྱི་ལོ་1986་ལོར་ཝཱཎ་མཐོ་སློབ་རྙིང་མའི་བདེ་ལྷན་ནས་དཔར་དུ་བཏབ་པའི་རྒྱན་གྱི་རྩ་བ་དང་རང་འགྲེལ་གྱི་ཤོག་གྲངས། 17ཡིག་ཕྲེང༌།5
[15] ཟླ་བ་གྲགས་པ།
འཇུག་པ། སེམས་བསྐྱེད་དྲུག་པ། ཤོ་ལོ་ཀ 71
ཕྱི་ལོ་1999་ལོར་ཝཱཎ་མཐོ་སློབ་ས་སྐྱའི་བདེ་ལྷན་ནས་དཔར་དུ་བཏབ་པའི་འཇུག་པའི་རྩ་བ་དང་རང་འགྲེལ་གྱི་ཤོག་གྲངས། 163 ཡིག་ཕྲེང༌།6
No comments:
Post a Comment