ཨོྃསྭསྟིཿ
བདེ་སྟོང་དབྱེར་མེད་ཁྱབ་བདག་ཀུན་ཏུ་བཟང་།།
ལོངས་སྐུའི་རྒྱན་འཆང་དཔལ་ལྡན་རྡོ་རྗེ་སེམས།།
མཆོག་གི་སྤྲུལ་སྐུ་ཡབ་གཅིག་པད་མ་སོགས།།
སྐུ་གསུམ་རྒྱལ་བའི་ཚོགས་ལ་ཕྱག་འཚལ་ལོ།།
ཞེས་མཆོད་པར་བརྗོད་པས་བསྔུན་བསུས་ཏེ།
འདིར་གླེང་བར་བྱ་བ་ནི་སྤྱིར་བོད་ཁམས་འདིར་སྤྲུལ་པའི་གཏེར་སྟོན་གྲངས་ལས་འདས་པ་ཞིག་བྱུང་ཡོད་པ་ལས།
སྐབས་སུ་བབ་པ་སྤྲུལ་པའི་གཏེར་སྟོན་ཆེན་པོ་སྙིགས་དུས་འགྲོ་བའི་མགོན་པོ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཟབ་མོ་གཏེར་གསར་ལུགས་དང་།
གཏེར་སྟོན་མཆོག་གྱུར་གླིང་པའི་གཏེར་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་དཀྱིལ་འཁོར་ཕྱོགས་བསྒྲིགས་ཀྱིས་དཔར་བསྐྲུན་ཆེད་གླེང་བརྗོད་ཀྱི་ཚུལ་དུ།
སྤྱིར་རྫོགས་ཆེན་བསྟན་པའི་གླེང་གཞི་དང་། དཀྱིལ་འཁོར་གྱི་བྱུང་བ། དེའི་མཚོན་དོན།
དགོས་པ། སྐབས་དོན་གཏེར་གསར་དཀྱིལ་འཁོར་གྱི་སྐོར།
མཐར་མཇུག་བསྡུ་བ་བཅས་མདོར་བསྡུས་འགོད་པ་ལ།
དང་པོ་སྤྱིར་རྫོགས་ཆེན་བསྟན་པའི་གླེང་གཞི།
དེ་ཡང་བདག་ཅག་གི་སྟོན་པ་དེ་ཉིད་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་བར་དུ་ཚོགས་གཉིས་རྫོགས་པར་མཛད། མཐར་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་སངས་རྒྱས་ནས། མི་རིང་བར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་རྡོ་རྗེ་གདན་དུ་སངས་རྒྱས་པའི་ཚུལ་བསྟན་པའི་སྐྱེས་བུ་ཆེན་པོ་དེ་ཉིད་འདིར་བྱོན་ནས། འཁོར་ཕུན་སུམ་ཚོགས་པ། དང་པོ་ཉིད་ལས་མི་ཞན་པ་སྟེ། ས་བཅུ་རྒྱུན་མཐའ་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་དང༌། གཉིས་པ་ལྷན་ཅིག་པའི་འཁོར་ཏེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། གསུམ་པ་གོ་ཕྱེ་བའི་འཁོར་ཏེ། གང་ཉིད་དགོངས་པ་མྱ་ངན་ལས་འདས་པའི་རྗེས་སུ་གང་གི་བསྟན་པ་ལ་ཞུགས་ཏེ། བཀའ་ཡི་དགོངས་དོན་ཇི་བཞིན་དུ་འཛིན་མཁན་གྱི་འཁོར་གསུམ་པོ་དེ་རྣམས་ལ། ཇི་སྐད་དུ།
དེ་ཡང་བདག་ཅག་གི་སྟོན་པ་དེ་ཉིད་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་བར་དུ་ཚོགས་གཉིས་རྫོགས་པར་མཛད། མཐར་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་སངས་རྒྱས་ནས། མི་རིང་བར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་རྡོ་རྗེ་གདན་དུ་སངས་རྒྱས་པའི་ཚུལ་བསྟན་པའི་སྐྱེས་བུ་ཆེན་པོ་དེ་ཉིད་འདིར་བྱོན་ནས། འཁོར་ཕུན་སུམ་ཚོགས་པ། དང་པོ་ཉིད་ལས་མི་ཞན་པ་སྟེ། ས་བཅུ་རྒྱུན་མཐའ་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་དང༌། གཉིས་པ་ལྷན་ཅིག་པའི་འཁོར་ཏེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། གསུམ་པ་གོ་ཕྱེ་བའི་འཁོར་ཏེ། གང་ཉིད་དགོངས་པ་མྱ་ངན་ལས་འདས་པའི་རྗེས་སུ་གང་གི་བསྟན་པ་ལ་ཞུགས་ཏེ། བཀའ་ཡི་དགོངས་དོན་ཇི་བཞིན་དུ་འཛིན་མཁན་གྱི་འཁོར་གསུམ་པོ་དེ་རྣམས་ལ། ཇི་སྐད་དུ།
སངས་རྒྱས་བྱོན་དང་དེས་ཆོས་གསུངས།། ཞེས་པ་ལྟར། མགོན་པོ་གང་ཉིད་བྱོན་ནའང་ཆེད་དུ་བྱ་བའི་འཁོར་རྣམས་ལ་གསུང་གི་བདུད་རྩི་མ་སྩལ་ན་ནི་སངས་རྒྱས་མ་བྱོན་པ་དང་ཁྱད་མེད་པས། གང་ནས་འཁོར་བའི་རྩ་བ་ཉོན་མོངས་དུག་གསུམ་མ་ལུས་པ་འཇོམས་པའི་སླད་དུ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་རྣམས་བསྡུ་ན། རྒྱུ་མཚན་ཉིད་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་ཞིང་། དེའང་རྒྱུ་འབྲས་ཀྱི་ཐེག་པ་བ་ཀུན་གྱིས་དོན་དུ་གཉེར་བྱ་གཙོ་བོ་ནི་མི་གནས་པའི་མྱང་འདས་ཡིན་པས་འབྲས་བུ་ལ་མཆོག་དམན་མེད་ཀྱང་། ཅིའི་ཕྱིར་རྒྱུའི་ཐེག་པ་ལས་འབྲས་བུའི་ཐེག་པ་ཁྱད་པར་འཕགས་སམ་ཞེ་ན། དེ་ཡང་ཚུལ་གསུམ་སྒྲོན་མེ་ལས། ཇི་སྐད་དུ།
དོན་གཅིག་ན་ཡང་མ་རྨོངས་དང་།། ཐབས་མང་དཀའ་བ་མེད་པ་དང་།།
དབང་པོ་རྣོན་པོའི་དབང་བྱས་ནས།། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས།། ཞེས་གསུངས་པ་ལྟར། དོན་གཅིག་པ་དང་། ཐབས་མང་བ།
དཀའ་བ་མེད་པའམ་དཀའ་ཐུབ་ཆུང་བ།
གདུལ་བྱ་ཁམས་དབང་ཤིན་ཏུ་རྣོན་པོ་བཅས་བཞིའི་དབང་དུ་བྱས་ནས་གསུངས་པས་ན་འབྲས་བུ་སྔགས་ཀྱི་ཐེག་པ་དེ་ཉིད་རྒྱུ་མཚན་ཉིད་ཐེག་པ་ལས་ཁྱད་པར་འཕགས་པའོ།།
དེ་ལྟ་བུའི་རྒྱུ་འབྲས་ཐེག་པ་གཉིས་པོར་ཕྱེ་ན་ཐེག་པ་རིམ་པ་དགུར་འགྱུར་སྟེ།
དེ་ཡང་བཀོད་པ་ཆེན་པོ་ལས།
ཆུང་ངུ་གསུམ་ལ་བསྟན་པ་ནི།། མཚན་མར་འཛིན་ལ་ཉན་ཐོས་ཏེ།།
འདུ་ཤེས་ཅན་ལ་རང་རྒྱལ་ཉིད།།
རྟོག་འཇུག་ཅན་ལ་བྱང་སེམས་སོ།།
འབྲིང་པོ་གསུམ་ལ་བསྟན་པ་ནི།། རབ་ཏུ་དམན་ལ་བྱ་བ་སྟེ།།
དམན་པ་རྣམས་ལ་སྤྱོད་པའོ།། རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད།།
ཆེན་པོ་གསུམ་ལ་བསྟན་པ་ནི།། སེམས་ཡས་པ་ལ་བསྐྱེད་པ་སྟེ།།
སེམས་དཔའ་ཅན་ལ་རྫོགས་པ་ཉིད།། མཆོག་གསང་རབ་ལ་རྫོགས་པ་ཆེ།། ཞེས་གསུངས་པ་ལྟར། དེ་ལས་དང་པོ་རྒྱུ་མཚན་ཉིད་ཐེག་པ་ལ་གསུམ་སྟེ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ་དང་། གཉིས་པ་འབྲས་བུ་གསང་བ་སྔགས་ཀྱི་ཐེག་པ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང༌། ནང་དབང་གྱུར་ཐབས་ཀྱི་ཐེག་པ་ལ་གསུམ་རེ་ཡོད་དེ། དང་པོ་གསུམ་ནི། ཀྲི་ཡ། ཨུ་པ། ཡོ་གའོ།། དེ་དག་ལ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་བྱ་དགོས་དོན་ནི།
རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ཇི་སྐད་དུ།
དེ་དག་གསང་སྔགས་ཕྱི་སྟེ་ལྷ་རྣམས་ཀྱང་།། ཡབ་ཡུམ་ཟུང་འབྲེལ་བསྒོམ་པར་མི་ནུས་ཤིང་།།
ཤ་ལྔ་བདུད་རྩི་ལྔ་སོགས་བསྟེན་མི་བྱེད།། གཙང་སྦྲ་ཀུན་ཏུ་སྤྱོད་པས་གནས་པ་ཡིན།། ཞེས་གསུངས་པ་ལྟར།
དེ་དག་གིས་ཡི་དམ་གྱི་ལྷ་དང་རྣལ་འབྱོར་པ་རང་ཉིད་རྗེ་འབངས་དང་སྤུན་གྲོགས་ཀྱི་ཚུལ་ཙམ་ལས།
རང་ཉིད་དང་ཡི་དམ་གཉིས་པོ་དབྱེར་མེད་གཅིག་ཏུ་བསྐྱེད་མི་ནུས་པ་དང་།
ཐབས་ཀྱི་རང་བཞིན་ཕ་རྒྱུད་དང་ཤེས་རབ་ཀྱི་རང་བཞིན་མ་རྒྱུད་ཡི་དམ་གྱི་ལྷ་རྣམས་ཡབ་ཡུམ་འཁྲིལ་སྦྱོར་གྱིས་ཟུང་འབྲེལ་དུ་བསྒོམ་མི་ནུས་པ།
དེ་བཞིན་གཙང་བཙོག་རོ་སྙོམས་སུ་མི་རྟོགས་པའི་རྐྱེན་གྱིས་ཤ་ལྔ་བདུད་རྩི་ལྔ་ལ་ལོངས་སུ་སྤྱོད་མི་བཏུབ་པ་བཅས་མདོར་ན་ཕྱིའི་དཀའ་ཐུབ་དང་།
གཙང་སྦྲ་གཙོ་བོར་འཛིན་ཏེ་ཉམས་སུ་ལེན་པས་ན་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་བྱ།
དེ་ཡང་དང་པོ་ཀྲི་ཡ་སྟེ་བྱ་རྒྱུད་ནི།
ཕྱི་ཀུན་སྤྱོད་གཙོ་བོར་བྱས་པའི་ཐབས་ཀྱི་ཐོག་ནས་ཉམས་སུ་ལེན་པས་ན་དེ་ལྟར་བྱ།
དེ་ལ་ཡང་ཕྱེ་ན་རིགས་དྲུག་ཡོད།
གཉིས་པ་ཨུ་པ་སྟེ་སྤྱོད་རྒྱུད་ནི།
ཕྱི་ལུས་ངག་གི་བྱ་སྤྱོད་དང་།
ནང་སེམས་ཀྱི་ཏིང་འཛིན་གཉིས་མཉམ་པར་སྤྱོད་པས་ན་དེ་ལྟར་བྱ། དེ་ལ་ནང་གསེས་རིགས་མི་འདྲ་བ་གསུམ་ཡོད།
གསུམ་པ་ཡོ་ག་སྟེ་རྣལ་འབྱོར་རྒྱུད་ནི།
ནང་ཐབས་དང་ཤེས་རབ་གཉིས་ཀྱི་རྣལ་འབྱོར་སྒོམ་པ་གཙོ་བོར་བྱས་པས་ན་དེ་ལྟར་བྱ།
དེ་ལ་ནང་གསེས་རིགས་ལྔ་ཡོད་དོ།།
གཉིས་པ་ནང་དབང་འགྱུར་ཐེག་པ་གསུམ་ནི། མཧཱ། ཨནུ། ཨཏིའོ།། དེ་དག་ལ་ནང་དབང་འགྱུར་གྱི་ཐེག་པ་ཞེས་བྱ་དགོས་དོན་ནི།
རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ཇི་སྐད་དུ།
ཕ་མ་གཉིས་སུ་མེད་པ་བླ་ན་མེད།
བསྐྱེད་རྫོགས་གཉིས་མེད་གཙོ་བོར་སྟོན་པ་སྟེ།།
ཞེས་དང་།
ལྷ་ཡང་འཁྲིལ་སྦྱོར་དམ་རྫས་ཁྱད་པར་ཅན།
གཙང་བཙོག་གཉིས་མེད་ཐམས་ཅད་རོ་གཅིག་ཏུ།།
དཀྱིལ་འཁོར་གཅིག་གི་རོལ་པར་སྟོན་པ་ཡིན།།
ཞེས་གསུངས་པ་ལྟར།
འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་རྒྱུད་ལ་སོགས་པ་བསྐྱེད་རིམ་ཐབས་ཀྱི་ཆ་སྟོན་པ་མཧཱ་ཡོག་དང་།
ཀྱེ་རྡོར་རྒྱུད་ལ་སོགས་པ་རྫོགས་རིམ་ཤེས་རབ་ཀྱི་ཆ་སྟོན་པ་ཨནུ་ཡོག
གཉིས་མེད་སྒྱུ་འཕྲུལ་དྲ་བའི་རྒྱུད་ལ་སོགས་པ་བསྐྱེད་རྫོགས་འདུ་འབྲལ་མེད་པའི་ཟུང་འཇུག་གཙོ་བོར་སྟོན་པའི་ཨཏི་ཡོག་བཅས་དེ་དག་ཉམས་སུ་ལེན་པའི་རྣལ་འབྱོར་པ་དག་གིས།
ཐབས་ཡབ་དང་ཤེས་རབ་ཡུམ་གཉིས་པོ་འདུ་འབྲལ་སོ་སོར་མིན་པར་འཁྲིལ་སྦྱོར་ཟུང་འཇུག་ཏུ་བསྐྱེད་པ་དང་།
གཙང་བཙོག་སོགས་ཀྱི་འཛིན་པ་ཞི་བའི་རོ་སྙོམས་ཆེན་པོས་དམ་རྫས་ཤ་ལྔ་དང་།
བདུད་རྩི་ལྔ་ལ་རོལ་ཞིང་།
སྣང་སྟོང་གི་ཆོས་ཐམས་ཅད་ཡེ་ནས་དག་པའམ་སངས་རྒྱས་པའི་རང་བཞིན་གྱི་མཚན་ཉིད་དུ་བལྟ་བས་ན།
དེ་དག་ལ་ནང་དབང་འགྱུར་ཐབས་ཀྱི་ཐེག་པ་ཞེས་བྱའོ།།
དེ་ལྟར་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་ཕྱི་ནང་ཐེག་པའི་རྒྱུད་སྡེ་རྣམས་ས་བཅུ་རྒྱུན་མཐའ་ལ་གནས་པའི་སེམས་དཔའ་ཆེན་པོ་འཕགས་མཆོག་རིགས་གསུམ་མགོན་པོ་ལ་སོགས་པས་བསྡུ་བ་མཛད་པ་ལས།
རིམ་པ་བཞིན་འཇིག་རྟེན་གྱི་ཁམས་འདིར་སྨིན་གྲོལ་གྱི་རིམ་པ་མ་ལུས་པའི་བརྒྱུད་པ་དེ་དག་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་ཁུང་གི་བརྒྱུད་པ་བཅས་བརྒྱུད་པ་གསུམ་གྱི་ལམ་ནས་ཟམ་མ་ཆད་པར་ད་ལྟའི་བར་དུ་དར་ཞིང་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་བཞུགས་ཡོད།
འདིར་སྐབས་སུ་བབ་པའི་གླེང་བར་བྱ་བ་ནི་ཇི་སྐད་དུ། མཆོག་གསང་རབ་ལ་རྫོགས་པ་ཆེ། ཞེས་གསུངས་པ་ལྟར་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་དང་། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་གསང་བའི་དམ་པ། རྡོ་རྗེ་ཐེག་པའི་ཉིང་ཁུ། དངོས་པོའི་གཤིས་ལུགས་རང་གྲོལ་ཆིག་ཆོད་དུ་སྟོན་པ། ནང་དབང་འགྱུར་རྫོགས་ཆེན་ཨཏི་ཡོགའི་བསྟན་པའི་འབབ་ཚུལ་ལའང་དང་པོ་རྒྱལ་བ་དགོངས་པའི་བརྒྱུད་ཚུལ་ལ་འོག་མིན་ལ་སོགས་པའི་གནས་སུ་བབ་ཚུལ་དང་། ལྷ་མིའི་གནས་སུ་བབ་ཚུལ་གཉིས་ལས། དང་པོ་ནི། གསང་སྔགས་འབྱུང་བའི་དུས་དྲུག་སྟེ། ཇི་སྐད་དུ།
ཉོན་མོངས་རྒྱུད་དྲག་མོས་མཐུ་ཞན།། ལས་ཀྱི་ཚེ་ཐུང་བཀའ་དོན་སྟོར།།
བསྟན་སྙིགས་གྲུབ་མཐའ་ངན་པས་བསྒྱུར།།
གཉེན་པོས་མི་ནོན་སྒྲུབ་རྩོལ་ཞན།། ཞེས་གསུངས་པ་ལྟར། དེ་ལྟ་བུའི་དུས་དྲུག་ལ་བབ་པའི་ཚེ། སྟོན་པ་ངོ་བོ་ཉིད་ཀྱི་སྐུས་རང་གསལ་ངོ་བོ་ཉིད་ཀྱིས་གསུངས་པ་དང་། སྟོན་པ་ཆོས་ཀྱི་སྐུས་བྱིན་གྱིས་བརླབས་ཏེ་རང་གྲོལ་མངོན་སུམ་དུ་གསུངས། དེ་ནས་ལོངས་སྤྱོད་རྫོགས་པའི་སྐུས་རང་གི་ངོ་བོའི་ངང་ནས་གསུངས་པ་དང་། དེ་བཞིན་གསང་བའི་སྐུས་བདེ་ཆེན་ཐབས་ཀྱིས་གསུངས་པ་ལས་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ།།
གཉིས་པ་རིག་འཛིན་བརྡའི་བརྒྱུད་པ་ལ། ལྷ་མིའི་གནས་གཉིས་ལས་ལྷ་གནས་སུ་རྒྱས་ཚུལ་ནི། ལྷ་གནས་སུམ་ཅུ་རྩ་གསུམ་གྱི་རྣམ་རྒྱལ་ཁང་བཟང་ཆེན་མོའི་དབུ་རྩེར་སྲོག་ཤིང་རྡོ་རྗེ་རྩེ་དགུ་པ་དང་བཅས་པའི་འབུར་ཁང་ན། རྡོ་རྗེའི་ཁྲི་ཐོག་ཏུ་དཔལ་གསང་བའི་བདག་པོ་ཉིད་བཞུགས་ཏེ་ལྷའི་བུ་སེམས་ལྷག་ཅན་ལ། མན་ངག་འཕྲུལ་གྱི་ལུང་བཅུ་ཕོག་པ་དང་། མི་འགྱུར་བརྟན་པའི་དབང་། རིག་པ་སྤྱི་བླུགས་ཀྱི་དབང་། ཡེ་ཤེས་ངོས་འཛིན་གྱི་མན་ངག ཕྱག་རྒྱ་ཆེན་པོའི་མན་ངག་སོགས་དབང་ལུང་མན་ངག་མ་ལུས་པ་དུས་མཐའི་སྐད་ཅིག་གཅིག་ལ་བརྡས་རྫོགས་པར་གཏད་དེ། རྡོ་རྗེ་རྒྱལ་ཚབ་ཏུ་དབང་བསྐུར་ནས་ལྷ་གནས་གསུམ་དུ་རྒྱས་པར་མཛད།
གཉིས་པ་མི་ཡུལ་དུ་འབབ་ཚུལ་ནི། ཇི་སྐད་དུ།
རྨད་བྱུང་བསྟན་པའི་སྙིང་པོ་འདི།། ལྷ་གནས་གསུམ་དུ་གྲགས་འགྱུར་ནས།།
ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས།། འཛམ་གླིང་དབུས་སུ་རྒྱས་པར་བྱོས།། ཞེས་གསུངས་པ་ལྟར། མཉམ་མེད་ཐུབ་པའི་དབང་པོ་དགོངས་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་ཙམ་ན། རྨད་བྱུང་རྫོགས་ཆེན་ཨཏི་ཡོགའི་བསྟན་པ་བབས་པ་ཡིན་ཏེ། དུས་དེ་ཙ་ན་སྤྲུལ་པའི་སྟོན་པ་དགའ་རབ་རྡོ་རྗེ་བྱོན་ཏེ་དེ་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རྫོགས་པ་ཆེན་པོའི་དབང་ལུང་མན་ངག་མ་ལུས་སྩལ་བ་དེ་ཉིད་དུ་རྫོགས་པ་ཆེན་པོའི་ས་ལ་མངོན་པར་སངས་རྒྱས་ཏེ་སྐུ་བཞི་དབང་གི་ཆུ་བོ་ལ་སོགས་པ་བསྟན་པ་མཐའ་དག་ཐུགས་ལ་རྫོགས་ནས། རྨད་བྱུང་རྫོགས་པ་ཆེན་པོའི་བསྟན་པ་གདུལ་བྱ་ལས་འཕྲོ་ཅན་འཇམ་དཔལ་བཤེས་གཉེན་སོགས་འགའ་ལ་བརྡས་བསྟན་པ་ལས་མི་ཡུལ་འདིར་ཡང་རྩོལ་མེད་རྫོགས་ཆེན་གྱི་བསྟན་པ་བབས་སོ།།
བརྒྱུད་ཚུལ་གསུམ་པ་གང་ཟག་སྙན་ཁུང་གི་བརྒྱུད་ཚུལ་ནི། བཀའ་བསྡུ་གཉིས་པའི་དུས་ཙམ་ན་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བྱང་སེམས་རྡོ་རྗེ་ལ་གསེར་ཞུན་བཤགས་པར་བརྩམས་ཏེ་རྫོགས་ཆེན་བསྟན་པའི་བསྡུ་བ་པོ་མཛད་པ་དང་། སྟོན་པ་དགའ་རབ་རྡོ་རྗེའི་ཞལ་མཇལ་གསུང་ཐོས་ཀྱི་ཉེ་བར་འཁོར་རྒྱལ་པོ་ད་ཧེན་ཏ་ལོ་དང་། ཀུ་ཀུ་རཱ་ཛཱ་སོགས་ལས་རིམ་པས་སློབ་དཔོན་སངས་རྒྱས་གསང་བ་དང་། ཤྲཱི་སིངྷཱ་། སློབ་དཔོན་པདྨ་འབྱུང་གནས་སོགས་ལས་རྩོལ་མེད་རྫོགས་ཆེན་གྱི་བསྟན་པ་མི་ཡུལ་ན་གང་ཟག་སྙན་ཁུང་དུ་བརྒྱུད་པ་ལས་ད་བར་བརྒྱུད་པ་ཟམ་མ་ཆད་པར་གནས་ཡོད་པ་དེ་ལྟར་ལགས་སོ།།
དེ་ལྟར་བརྒྱུད་པ་གསུམ་ལྡན་གྱི་གདམས་པ་དེ་ལ་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ་གཉིས་སུ་ཡོད་པ་ལས་སྐབས་སུ་བབ་པ་ཉེ་བརྒྱུད་གཏེར་མའི་ཆེ་བ་བརྗོད་པ་ལ། གཏེར་གྱི་མཚན་ཉིད། དབྱེ་བ། དགོས་པ་དང་ཁྱད་ཆོས་བཅས་གསུམ་ལས། དང་པོ་ངོ་བོའམ་མཚན་ཉིད་ནི། ཇི་སྐད་དུ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་མི་ཟད་པ་དང་། སེམས་ཅན་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ།། ཞེས་གསུངས་པ་ལྟར། དཀོན་མཆོག་གསུམ་གྱི་གདུང་དང་། ཆོས་རྟོགས་པ་ཆེན་པོ་སྟེ་མཁྱེན་པའི་དགོངས་པ་ཀློང་བརྡོལ་བ། སེམས་ཅན་མགུ་བར་བྱ་བ་སྟེ། འདི་ཕྱི་དོན་ཟད་པ་མེད་པ་གང་ཞིག་དེ་ཡང་ཚད་མེད་ནམ་མཁའ་དང་མཉམ་པའི་བདག་ཉིད་ཅན་ལ་གཏེར་ཞེས་བྱ་སྟེ།
མདོར་ན་ནམ་ཡང་འགྱུར་བའམ་ཟད་པ་མེད་པའི་དོན་ལ་གཏེར་ཞེས་བྱའོ།།
གཉིས་པ་གཏེར་ལ་དབྱེ་བ་ནི། ས་གཏེར་དང་། གནམ་གཏེར། དགོངས་གཏེར་བཅས་གསུམ་ཡོད། གསུམ་པ་དགོས་པའམ་ཁྱད་ཆོས་ནི། དུས་ངན་སྙིགས་མ་ལྔ་བདོ་བའི་དུས་འདིར་ཆོས་པའི་ཟོལ་འཛིན་གྱི་སྐྱེས་བུ་དུ་མས་ཆོས་འཚོང་གིས་གདམས་ངག་རྣམས་འཆལ་བ་དང་། དམ་ཚིག་ཉམས་པས་ཆོས་ཀྱི་བྱིན་རླབས་ཁ་རླངས་ཡལ་ཏེ་བྱིན་རླབས་ཉམས་པར་འགྱུར་བ་ཡིན། འོན་ཀྱང་གཏེར་དུ་བཞུགས་པ་དེ་དག་ལ་ནི་དེ་ལྟའི་ཉེས་ལྟུང་མ་ཞུགས་ཤིང་།
བྱིན་རླབས་ཀྱི་ཁ་རླངས་མ་ཡལ་བས་ཕ་གཅིག་ཉིད་ཀྱིས་རྗེས་སུ་བཟུང་བའི་རང་གི་རྣམ་སྤྲུལ་གཏེར་སྟོན་ལ་བཀའ་གཏད་སྨིན་གྲོལ་གྱི་གདམས་པ་རྣམས་སྩལ་ནས་སྤྱན་དྲངས་པས། ཉེ་བརྒྱུད་གཏེར་མ་སྟེ་དེ་ནི་གཞན་ལས་བྱིན་རླབས་གཟི་བྱིན་འགྲན་ཟླ་དང་བྲལ་བའི་ཕྱིར་ཏེ། ཇི་སྐད་དུ། ཆུ་ཀླུང་རོལ་པའི་མདོ་ལས།
ང་ཡི་བསྟན་པ་ཆོས་ཀྱི་གཞུང་།།
ཐུགས་ནས་ཐུགས་ཀྱིས་གཏེར་དུ་སྦོས།།
ཡང་ན་ས་ཡི་སྙིང་པོར་བྱ།། ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད།།
དེས་དོན་དཀྲུག་པར་འགྱུར་ཏ་རེ།། དེ་ཕྱིར་ཆུ་ཀླུང་རྒྱུན་མ་གཅོད།། ཅེས་དང་། རཏྣ་གླིང་པའི་གཏེར་ལུང་ལས་ཀྱང་། ཇི་སྐད་དུ།
ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས།།
སྤྱིར་ཡང་བོད་རྣམ་གསར་ངས་ཆེ་བ་དང་།།
སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས།།
མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག།
ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་འདེབས།།
མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན།།
སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན།།
རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང་།།
སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན།།
ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང་།།
གདམས་པ་སྣ་རེ་གང་ཟག་གྲོལ་བར་ངེས།།
དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན།།
འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས།།
ཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམས།།
སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་ཀུན།།
དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ།།
ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམས།།
ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན།། ཞེས་སོགས་ལས་གཏེར་ཆོས་ཀྱི་དགོས་པ་དང་ཆེ་བ་གསལ་བར་རྟོགས་ནུས་སོ།།
གཉིས་པ་སྤྱིར་དཀྱིལ་འཁོར་གྱི་བྱུང་བ།
དེ་ཡང་དཀྱིལ་འཁོར་གྱི་བྱུང་བ་ལ།
དང་པོ་དཀྱིལ་འཁོར་ཞེས་པའི་གོ་དོན་དང་། བཞེངས་ཚུལ་གྱི་རྣམ་གྲངས།
བྱུང་བ་བཅས་ཀྱི་ལམ་ནས་མདོར་ཙམ་ཞུ་བ་ལ། དང་པོ་དཀྱིལ་འཁོར་ཞེས་པའི་གོ་དོན་ནི།
རྒྱུད་སྡེ་རྣམས་ལས་བཤད་པའི་ཡི་དམ་གྱི་ལྷ་གཙོ་འཁོར་རམ་གཙོ་བོ་རྐྱང་པ་བཞུགས་པའི་གཞལ་ཡས་ཁང་ཞིག་ལ་གོ་དགོས།
དེ་ཡང་ཀྱེ་རྡོར་ལས། ཇི་སྐད་དུ།
དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ།།
བྱང་ཆུབ་སེམས་ནི་བདེ་ཆེན་པོ།།
ལེན་པར་བྱེད་པས་དཀྱིལ་འཁོར་ཉིད།། འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད།།
ཞེས་གསུངས་པའི་ཕྱིར་རོ།།
གཉིས་པ་དཀྱིལ་འཁོར་བཞེངས་ཚུལ་གྱི་རྣམ་གྲངས་ནི།
སྤྱིར་སྔགས་ཀྱི་ཐེག་པ་སྤྱི་དང་ཡང་སྒོས་སྔ་འགྱུར་བའི་བཀའ་གཏེར་སྤྱི་ལ་རང་རང་སོ་སོའི་ལུགས་ཅུང་ཟད་རེ་མི་འདྲ་བ་ཙམ་ལས།
དོན་དུ་དཀྱིལ་འཁོར་ཏེ་སྙིང་པོ་ལེན་པར་འཇུག་པས།
དེར་ཞུགས་རྣལ་འབྱོར་པ་རྣམས་ཀྱིས་སྣང་བ་སྐུའི་དཀྱིལ་འཁོར་དང་།
གྲགས་པ་གསུང་གི་དཀྱིལ་འཁོར།
དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་ཞེས་བཞེད་པ་བཞིན་ཡིན་ཅིང་།
གཞན་ཡང་དཀྱིལ་འཁོར་ལ་གཉིས་དང་གསུམ་ཞེས་དབྱེ་བ་མི་འདྲ་བ་འགའ་ཞིག་ཡོད་པ་ལས།
དང་པོ་གཉིས་སུ་དབྱེ་ན་ཕྱི་ནང་གི་དཀྱིལ་འཁོར་གཉིས་ཡོད་པ་ལས།
དང་པོ་ཕྱིའི་དཀྱིལ་འཁོར་ནི་རྡུལ་ཚོན་དང་བློས་བསླང་སོགས་ཀྱིས་བཞེངས་པའི་དཀྱིལ་འཁོར་ལ་གོ་བ་དང་།
གཉིས་པ་ནང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ཏེ་རང་ལུས་གཞལ་ཡས་ཁང་དང་རྩ་ཁམས་རྣམས་སུ་ལྷ་ཚོགས་རྣམས་བསྐྱེད་པར་བསྒོམས་པས་ན་དེ་ལྟར་བྱའོ།།
གཉིས་པ་གསུམ་དུ་བཞེད་ཚུལ་ནི། སྔ་འགྱུར་རང་ལུགས་སུ།
དང་པོ་གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། གཉིས་པ་ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར།
གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ཞེས་འདོད་པ་ཞིག་དང་། གཞན་ཡང་།
དང་པོ་བསྐྱེད་པ་མཧཱ་ཡོགའི་ཕྱི་ནང་ངོ་བོ་རྒྱུ་འབྲས་གསུམ་ལ་སྲིད་གཞིར་བཞེངས་པའི་དཀྱིལ་འཁོར།
གཉིས་པ་ལུང་ཨནུ་ཡོགའི་ནང་སྒྱུ་མ་ལུས་ཀྱི་དཀྱིལ་འཁོར།
གསུམ་པ་མན་ངག་ཨཏི་ཡོགའི་གསང་བ་རྟོག་ཚོགས་ཆོས་ཀྱི་དཀྱིལ་འཁོར་གསུམ་དུ་འདོད་པའང་ཡོད་དོ།།
དེ་མིན་གསར་མ་ལའང་གསུམ་དུ་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་འདིར་དགོས་པའི་དབང་གིས་བཞག་གོ།
ཡང་ན་ཕྱིའི་དཀྱིལ་འཁོར་ལའང་བཞེངས་ཚུལ་ཙམ་གྱི་སྒོ་ནས་རྣམ་པར་ཕྱེ་ན། མེ་ཏོག་ཚོམ་བུའི་དཀྱིལ་འཁོར། བློས་བསླངས་ཀྱི་དཀྱིལ་འཁོར། རྡུལ་ཚོན་གྱི་དཀྱིལ་འཁོར། རས་བྲིས་ཀྱི་དཀྱིལ་འཁོར། བརྐོས་བཞེངས་དཀྱིལ་འཁོར། འབུར་བཞེངས་དཀྱིལ་འཁོར། བརྡུངས་བཞེངས་དཀྱིལ་འཁོར།
དེང་རབས་འཕྲུལ་བཞེངས་ཀྱི་དཀྱིལ་འཁོར་སོགས་རྣམ་གྲངས་དུ་མར་དབྱེར་ཆོག
ཡང་ན་ངོ་བོའི་སྒོ་ནས་རྒྱུད་སྡེ་བཞི་པོ་སོ་སོའི་དཀྱིལ་འཁོར་དང་།
བྱ་བའི་སྒོ་ནས་ཞི་རྒྱས་དབང་དྲག་གི་དཀྱིལ་འཁོར་དང་།
མདོར་ན་ཕྱི་ནང་ངོ་བོ་བྱ་བ་དགོས་པ་སོགས་ཀྱི་སྒོ་ནས་དཀྱིལ་འཁོར་གྱི་རྣམ་གྲངས་དུ་མ་ཞིག་འཇོག་རྒྱུ་ཡོད་པར་སེམས།
གསུམ་པ་དཀྱིལ་འཁོར་བཞེད་སྲོལ་གྱི་བྱུང་བ་ནི།
སྤྱིར་རྒྱ་བལ་སོགས་སུ་གོང་གསལ་ལྟར་བརྒྱུད་པ་གསུམ་ལྡན་གྱི་ལམ་ནས་ཕྱི་ནང་གི་དཀྱིལ་འཁོར་བཞེངས་སྲོལ་བྱུང་ཞིང་།
དེ་ལས་རིམ་པས་བོད་དུ་དར་བ་ལ་སྙོན་དུ་མེད་ཀྱང་སྐབས་བབ་བོད་དུ་ཕྱིའི་དཀྱིལ་འཁོར་བཞེངས་ཚུལ་གྱི་དར་རིམ་རག་ཙམ་ཞུས་ན། དེའང་འབྲས་བུའི་ཐེག་པའི་བཤད་སྒྲུབ་ཀྱི་བསྟན་པ་བོད་དུ་ནམ་དར་བ་ན་དཀྱིལ་འཁོར་བཞེངས་པའི་ལག་ལེན་རྣམས་ནི་དེའི་ཆ་ཤས་ཀྱིའང་ཆ་ཤས་ཡིན་པའི་ཕྱིར་དེ་ཙམ་ནས་དར་བ་ཡིན་ཅིང་། དེའང་བཙན་པོ་སྲོང་བཙན་གྱི་སྐུ་རིང་ན་འཇམ་དཔལ་དྲག་པོའི་དཀྱིལ་འཁོར་དང་། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་སོགས་བཞེངས་ནས་ཐུན་མིན་གྱི་གདུལ་བྱ་སྨིན་པར་མཛད་པ་དང་། ཆོས་རྒྱལ་ཁྲི་སྲོང་གི་དུས་སུ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་བཞེངས་ཤིང་ཡང་དབེན་མཆིམ་ཕུར་སློབ་དཔོན་ཆེན་པོས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་ཏེ་ལས་ཅན་རྗེ་འབངས་ཉེར་ལྔ་སོགས་སྨིན་ཅིང་གྲོལ་བར་མཛད། གཞན་ཡང་བསྟན་པ་ཕྱི་དར་དུས་སུ་སློབ་དཔོན་ཨབྷྱ་ཀརས་མཛད་པའི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཞེ་གཉིས་སོགས་རིམ་པས། བོད་འདིར་ཆོས་བརྒྱུད་སོ་སོའི་སྒྲུབ་སྡེ་ཆེ་ཆུང་སོ་སོར་བློས་བསླང་དང་། རྡུལ་ཚོན། རས་བྲིས་སོགས་ཀྱི་དཀྱིལ་འཁོར་བགྲང་ལས་འདས་པ་བཞེངས་ཤིང་དེ་དག་གི་བཞེངས་སྲོལ་ལག་ལེན་མ་ཉམས་པར་ད་བར་བཞུགས་ཡོད་པ་དེ་ལྟར་ཡིན།
གསུམ་པ་དཀྱིལ་འཁོར་གྱི་མཚོན་དོན་ནི།
སྤྱིར་རྟེན་གྱི་དཀྱིལ་འཁོར་མཚོན་བྱེད་དེ་ཇི་འདྲ་ཞིག་དགོས་མིན་དེ་ཡང་སྒྱུ་འཕྲུལ་རྔམ་གློག་ལས།
འདི་སྐད་དུ།
མཁའ་མི་ཡིད་ཀྱི་ནམ་མཁའ་ལ།།
འབྱུང་ཆེན་བརྩེགས་བར་ལྷུན་གྱིས་གྲུབ།།
དེ་སྟེང་རིན་ཆེན་སྣ་བཞི་ལས།། ལྷུན་གྱིས་གྲུབ་པ་ཚད་དཔག་མེད།།
དེ་ལ་བརྟེན་པའི་ས་གཞི་ནི།། རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ།།
མནན་ནེམས་བཏེག་འཕར་མཛེས་པའི་གཞི།། དེ་ལ་ཕོ་བྲང་གཞལ་ཡས་ཁང༌།།
གྲུ་བཞི་ལྷམ་པ་མཛེས་པར་སྣང༌།།
རིན་ཆེན་སྣ་བཞིའི་རྒྱུ་ལས་གྲུབ།།
གློ་འབུར་བཞི་ཡང་མཁར་ཐབ་ཚུལ།། རིན་ཆེན་བཞི་ལས་གྲུབ་པའོ།།
བུམ་པའི་རྩེ་མོ་ཆོས་ཀྱི་ཏོག། རྨ་བྱའི་མདོངས་ལྟར་བཀྲ་བའོ།།
སྒོ་བཞི་སྒོ་ཁྱུད་རྣམས་ཀྱིས་བརྒྱན།། རྟ་བབས་བརྒྱད་དང་ཡང་དག་ལྡན།།
དབུས་ན་འཁོར་ལོ་རྩིབས་བཞི་པ།། ལྟེ་བར་བཅས་ཤིང་རྩིབས་རྟེན་ལྡན།།
གྲུ་ཆད་བར་ཁྱམས་མཛེས་པར་འབར།། རིན་ཆེན་འོད་ཟེར་འགར་བར་འཁྱིལ།།
སེམས་ཅན་པདྨ་ཉི་ཟླ་དང༌།། རིན་ཆེན་འབར་བའི་གདན་མཆོག་ལྡན།།
རིན་ཆེན་ཁྲི་རྐང་རྣམ་བརྟན་མཛེས།། ཕོ་བྲང་དེ་ཡི་རྒྱན་མཆོག་ཀྱང༌།།
ཉི་ཟླ་ནོར་བུ་རིན་ཆེན་འབར།། བླ་རེ་རྒྱལ་མཚན་ན་བཟའ་གདུགས།།
དར་དང་དོ་ཤལ་མུ་ཏིག་ཕྲེང༌།།
དྲིལ་བུ་དང་ནི་རྔ་ཡབ་སོགས།།
རོལ་མོའི་ཆ་བྱད་སྣ་ཚོགས་བརྒྱན།། འཇིག་རྟེན་ལྷ་ཚོགས་མཛེས་པ་དང༌།།
དེ་ལ་སོགས་ཏེ་རྒྱན་རྣམས་ཀྱང༌།།
བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག།
གཞལ་ཡས་དེ་ཡི་སྒོ་བཞི་ན།། གླང་ཆེན་རྣམས་ཀྱིས་མཛེས་པར་བྱས།།
རྟ་བབས་རྣམས་ཀྱི་ཙོང་ཙོང་ལ།།
གསེར་གྱི་དྲིལ་བུ་འབར་བ་དག།
དཀོན་མཆོག་གསུམ་གྱི་མཚན་ཡང་སྒྲོག། སྒོ་དྲུང་དེ་དག་རེ་རེ་ན།།
ཏ་ལའི་སྐྱེ་ཤིང་ཙོང་ཙོང་འབྲེལ།།
དྲི་དང་གཟུགས་དང་འོད་དུ་ལྡན།།
ཏ་ལའི་སྐྱེ་ཤིང་དེ་དག་ལ།། ཁུ་བྱུག་ལ་སོགས་བཀྲ་ཤིས་པའི།།
བྱ་རྣམས་སྙན་པའི་སྐད་ཀྱང་སྒྲོག།
སྒོ་དྲུང་དེ་དག་རེ་རེ་ན།།
ཁྲུས་ཀྱི་རྫིང་བུ་དབྱིབས་ལེགས་པ།། བྲོ་མཆོག་ཡན་ལག་བརྒྱན་ལྡན་ཆུ།།
གྲངས་མེད་དེ་དག་རེ་རེ་ན།། ལྷ་དང་ལྷ་མོ་བསམ་མི་ཁྱབ།།
ཕྱི་རོལ་ཁོ་ར་འཁོར་ཡུག་ན།། རྩེ་ས་འཆག་ས་བརྗོད་མི་ལང༌།།
དེ་ལ་སོགས་ཏེ་བསམ་ཡས་མཆོག།
མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ།། ཅེས་དང་། དེ་བཞིན་རྒྱུད་གསང་བ་སྙིང་པོ་ལས་འདི་སྐད་དུ།
ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ།། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི།།
རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས།། ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད།།
འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས།། གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང༌།།
ཀུན་དུ་གྲུ་བཞི་སྒོ་ཁྱུད་ལྡན།། རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན།།
དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན།།
སེང་གེ་གླང་ཆེན་རྟ་དང་ཁྱུང༌།།
ནམ་མཁའ་ལྡིང་གི་ཁྲི་ཆེན་ལ།། ཉི་ཟླ་པདྨ་རིན་པོ་ཆེ།། ཞེས་གསུངས་པ་ལྟར། དང་པོ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། དེ་ཡང་འོད་གསལ་བའི་སེམས་གཉིད་ཞིང་ཁམས་དང་། གཞལ་ཡས་ཁང་གི་བཀོད་པ་གང་ཡོད་པ་དེ་ཉིད་རང་རྒྱལ་བ་ཀུན་ཏུ་བཟང་པོའི་བཞུགས་གནས་ཡིན་ལ། འདིར་དེ་བསྐྱེད་པས་ན་དེ་ཉིད་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཡིན་པས། དེའང་ཆེ་ཁྱད་དུ་འཕགས་པའི་ནམ་མཁའི་མཐའ་ཀླས་པར་བསྒོམ་པ་ལ། སྒོ་བཞི་པོ་རེ་རེའི་གཡས་གཡོན་ན་སྒོ་ཁྱུད་གཉིས་གཉིས་ཅན་དང་། རྣམ་པར་ཐར་པའི་སྒོ་ཕྱོགས་རེ་རེ་ལ་གསུམ་གསུམ་དང་ལྡན་པ། གྲུ་ཆད་བཞི་པ་ཅན། པཉྩ་རེ་ཁཱའི་རྩིག་པ་ལྔ་པོ་ནང་ནས་རིམ་པ་བཞིན། མཐིང་ག་དང་། ལྗང་གུ དམར་པོ། སེར་པོ། ཕྱི་མ་དཀར་པོ་ཡིན་པ། དེ་ལྔ་ཡང་འཇའི་ར་བ་ལྟར་དྭངས་ལ་ཟང་ཐལ་བ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་བཞིའི་གློ་འབུར་བཞི་དང་ལྡན་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བརྡར་དབུས་མའི་བུམ་པ་ཟླུམ་པོ་ནམ་མཁའི་དབྱིངས་ཁྱབ་པ། རྩིག་པ་ལྔའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ། དེའི་སྟེང་ན་རིན་པོ་ཆེའི་མདའ་ཡབ་ཕིབས་ཆུང་གི་ཚུལ་དུ་ཕྱིར་འཕྱང་པའི་གདུང་སྣ་ལ་ནོར་བུ་དང་། མུ་ཏིག་གི་དྲ་བ་དྲ་ཕྱེད་ཉི་ཟླའི་རླུང་སྐྱོད་དང་བཅས་པ་འཕྱང་བའི་གདུང་སྣ་གནོན་པ་ལ་རིན་པོ་ཆེའི་པུ་ཤུ་མཆོད་རྟེན་བརྩེགས་སུ་བསྒྲིགས་པ། དབུས་བུམ་པ་ཟླུམ་པོའི་ཆར་ཁེབས་ནི་གཙང་ཁང་ཕྱུར་བུའི་མདའ་ཡབ་ཀྱི་སྟེང་གི་ནམ་མཁའ་ནོན་པར་ཕུབ་པས་ཕིབས་ཉིས་རིམ་གྱི་རྣམ་པ་ཅན་གྱི་སྟེང་གི་དབུས་དང་། ཕྱོགས་བཞིར་རྡོ་རྗེ་རྩེ་ལྔ་པའི་རྭ་གྱེས་པའི་རྩེ་མོ་ལ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་མཚན་པ། ཕྱོགས་བཞིའི་སྒོ་འགྲམ་གཉིས་གཉིས་ན་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་སྟེང་ན་རྟ་བབས་བང་རིམ་བཞི་བཞི་དང་ལྡན་པ་ལ་རྒྱན་རྣམ་པ་སྣ་ཚོགས་པས་སྤྲས་ཏེ། སྟེང་ན་རི་དྭགས་ཀྱིས་བསྐྱོད་པའི་འཁོར་ལོའི་ལྟེ་བ་ལ་རིན་པོ་ཆེའི་གདུགས་ཀྱི་ཡུ་བ་བཙུགས་པ་དང༌། ཟུར་བཞིར་རྒྱལ་མཚན་དང༌། དབྱུག་པ་རིང་པོ་ལ་བ་དན་འཕྱང་བའི་མགུལ་མཚམས་ནས་རིན་པོ་ཆེའི་དྲིལ་བུ་ཚར་དུ་སྒྲེངས་པའི་ཕྲེང་བས་དབུས་ཀྱི་རྡོ་རྗེའི་ཏོག་ནས་ཕྱོགས་ཀྱི་རྟ་བབས་རྣམས་ཀྱི་བར་སྦྲེངས་པ་དང་། ནོར་བུའི་རྔ་ཡབ། དར་གྱི་ལྡ་ལྡི། རིན་པོ་ཆེའི་ཙོང་ཙོང་། ཉི་ཟླའི་ཚར་ཚར། ལྷ་དང་ལྷ་མོའི་རྒྱན་རྣམ་པ་དུ་མ། མཆོད་པའི་སྤྲིན་ཕུང་ཕྱོགས་བཅུ་ཐམས་ཅད་ནས་འཁྲིགས་པར་རང་བྱུང་བ། རྩིག་པ་ཕྱི་མའི་ཕྱི་ན་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་ལྷ་མོ་མང་པོས་འདོད་ཡོན་ལྔའི་མཆོད་པ་འབུལ་བ། འོག་གཞིའི་པདྨའི་ཟེ་བ་དང༌། ཕྲུམ་ཕྲུམ། པ་ཏྲ་རིས་ཉི་ཟླའི་གདན་ལ་ཟང་ཐལ་བར་སྣང་བ། ཁྱམས་སམ་ཞིང་ཁམས་ལྗང་གུར་སྣང་བའི་མཐའ་སྐོར་ལ་དུར་ཁྲོད་བརྒྱད་པོའི་ས་ན། རང་བྱུང་གི་མཆོད་རྟེན་བདེ་བྱེད་བརྩེགས་པ་ལ་སོགས་པ་བརྒྱད་དང༌། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། པདྨ་འབྱུང་གནས། བི་མ་ལ་མི་ཏྲ་ལ་སོགས་པའི་སློབ་དཔོན་བརྒྱད་དང༌། ཤར་ན་ཏའུ་མེ། ལྷོ་ན་ལང་ཏང་གི་མེ་སོགས་བརྒྱད། ཆུ་བརྒྱད། སྤྲིན་བརྒྱད། ཤིང་བརྒྱད། ཞིང་སྐྱོང་བརྒྱད། ལྷ་བརྒྱད། ཀླུ་བརྒྱད་ལ་སོགས་པས་བརྒྱན་པ། གཞལ་ཡས་ཁང་གི་དབུས་ན་སེང་གེ ཤར་དུ་གླང་པོ་ཆེ། ལྷོར་རྟ། ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་རྣམས་ཀྱིས་བརྒྱན་པའི་ཁྲིའི་སྟེང་ན་པདྨ་དང་ཉི་ཟླ་རིན་པོ་ཆེའི་གདན་ཡོད་པ། ལྷའི་གནས་གཞན་རྣམས་སུ། པདྨ་དང་ཉི་ཟླའི་གདན་ཉིད་ལྷའི་གྲངས་དང་མཉམ་པ་རང་བྱུང་དུ་བསྒོམ་པར་བྱ་བ་ལ། ཁྱུང་དང་རྨ་བྱ་གཉིས་དུག་འཇོམས་པར་བྱེད་པ་གཅིག་པས་འདོད་ཆགས་ཀྱི་དུག་འཇོམས་པའི་དག་པ་སྦྱོར་དུས་ཁྱད་མེད་པ་དང་། དེ་བཞིན་རྟ་བབས་ཀྱང་བང་རིམ་ཆེན་པོ་བཞི་ལ་སྣམ་ཕྲན་ཕྱེད་ཕྱེད་དུ་ཕྱེ་བས་བརྒྱད་དེ། ཀུན་མཁྱེན་ཆེན་པོས་སེམས་ཉིད་ངལ་གསོ་ལས་ཀྱང་།
འདི་སྐད་དུ།
ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཆེན་པོ་ནི།། སྒོ་བཞི་གྲུ་བཞི་རྟ་བབས་བཞིས་བརྒྱན་ཞིང༌།།
རྩིག་པ་ལྔ་དང་འདོད་ཡོན་སྣམ་བུ་དང༌།། ཕ་གུ་དྲ་ཕྱེད་མདའ་ཡབ་པུ་ཤུས་མཛེས།།
ཕྱུར་བུའི་ཐོད་པ་རིན་ཆེན་རྡོ་རྗེའི་ཏོག། དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་དབུས།།
སེང་གེ་གླང་ཆེན་རྟ་དང་རྨ་བྱ་དང༌།། ཤང་ཤང་པདྨ་ཉི་ཟླ་སྤྲས་པའི་སྟེང༌།། ཞེས་གསུངས་པ་ལྟར་རོ།།
དེ་ལྟ་བུའི་མཚོན་བྱེད་དཔེའི་དཀྱིལ་འཁོར་དེས་གཞི་ལམ་འབྲས་གསུམ་མཚོན་ཚུལ་ནི་སྒྱུ་འཕྲུལ་དྲྭ་བ་ལས།
འདི་སྐད་དུ།
འགྲོ་བ་ཀུན་ལ་རབ་གནས་པའི།། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི།།
རྟེན་དང་བརྟེན་པར་བཅས་པ་ཡི།། དཀྱིལ་འཁོར་མ་ལུས་རྫོགས་པར་ལྡན།། ཞེས་གསུངས་པ་ལྟར་དེ་ལྟ་བུའི་མཚོན་བྱེད་དཔེའི་དཀྱིལ་འཁོར་དེ་གཞི་ལམ་འབྲས་གསུལ་ལ་སྦྱར་ན། དང་པོ་གཞི་ལ་སྦྱར་བ་ནི། གཞི་སེམས་ཅན་ཐམས་ཅད་ལ་ཡེ་ནས་དེ་ལྟར་གནས་པས། སྒོ་བཞི་ནི་ཚད་མེད་པ་བཞི་དང་། རྟ་བབས་བཞི་ནི་དྲན་པ་ཉེར་གཞག་བཞི། རྩིག་པ་ལྔ་ནི་ཡེ་ཤེས་ལྔ༌། ཀ་བ་བརྒྱད་ནི་འཕགས་ལམ་ཡན་ལག་བརྒྱད། དྲིལ་བུ་དང༌། ཟར་ཚགས། ཉི་ཟླའི་ཕྲེང་བ། རྔ་ཡབ། ནོར་བུ་བཅས་ནི་དབང་པོ་དང་སྟོབས་ལྔ་མཚོན་པ་དང་། དེ་བཞིན་གདུགས་ནི་ཆོས་ཀྱི་དབྱིངས་དང་། འཁོར་ལོ་ནི་བདེན་པ་བཞི། ཕ་གུ་ནི་སེམས་ཉིད་མི་འགྱུར་བ། དྲ་ཕྱེད་ནི་བྱང་ཆུབ་བདུན། མདའ་ཡབ་ནི་ཐུགས་རྗེ་ཆེན་པོ། པུ་ཤུ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད། བུམ་པ་ཟླུམ་པོ་ནི་ཆོས་དབྱིངས་ཡེ་ཤེས། གློ་འབུར་བཞི་ནི་ཡེ་ཤེས་ལྷག་མ་བཞི། གདན་ལྔ་ནི་ངོ་བོ་ཉིད་ཀྱིས་དག་པའི་དུག་ལྔ་། རྡོ་རྗེ་དང་ནོར་བུའི་ཏོག་ནི་ཡེ་ནས་འོད་གསལ་བའི་སེམས་ཉིད། དུར་ཁྲོད་བརྒྱད་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད། སློབ་དཔོན་བརྒྱད་ནི་རང་བྱུང་གི་ཡེ་ཤེས་བརྒྱད། མེ་བརྒྱད་ནི་ཡོངས་སུ་གདུང་བའི་ཀུན་དུ་རྟོག་པ་བརྒྱད། ཤིང་བརྒྱད་ནི་ཉོན་མོངས་པའི་རང་བཞིན་བརྒྱད། ཆུ་བརྒྱད་ནི་དག་བྱེད་ཀྱི་ལམ་བརྒྱད། ལྷ་བརྒྱད་ནི་དངོས་གྲུབ་ཀྱི་སྒོ་བརྒྱད། ཀླུ་བརྒྱད་ནི་ཡོན་ཏན་གྱི་ཚོགས་བརྒྱད། ཞིང་སྐྱོང་བརྒྱད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་འདུ་བ་བརྒྱད་མཚོན་པར་བྱེད་དོ།།
གཉིས་པ་ལམ་དང་སྦྱར་ན་ནི། བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྦྱོར་བར་རིག་སྟེ། རྟ་བབས་བཞི་ནི་དྲན་པ་ཉེར་གཞག་བཞི་དང་། འཕན་བཞི་ནི་ཡང་དག་སྤོང་བ་བཞི། འཁོར་ལོ་ལ་སོགས་པའི་རྒྱན་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞི། རྩིག་པ་ལྔ་ནི་དབང་པོ་ལྔ། ཕ་གུ་དྲ་ཕྱེད་མདའ་ཡབ་པུ་ཤུ་ཕྱུར་བུ་ལྔ་ནི་སྟོབས་ལྔ། སེང་གེ་ལ་སོགས་པ་ལྔ་དང་ཉི་ཟླ་གཉིས་བཅས་བདུན་གྱིས་ནི་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན། ཀ་བ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད། སྒོ་བཞིར་འཇུག་པའི་ཐེམ་སྐས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག སྒོ་བཞིས་ཚད་མེད་པ་བཞི། རེ་རེའི་གསུམ་གསུམ་གྱིས་ནི་རྣམ་པར་ཐར་པ་གསུམ་ལ་སོགས་ཏེ། ཚོགས་ལམ་ནས་སྒོམ་ལམ་གྱི་བར་གྱི་ཡོན་ཏན་རྣམས་མཚོན་པར་བྱེད་དོ།།
གསུམ་པ་འབྲས་བུ་དང་སྦྱར་ན་ནི་སངས་རྒྱས་ཀྱི་སའི་ཡོན་ཏན་དང་སྦྱོར་རིག་ཏེ། ལམ་མཐར་ཐུག་པའི་ཆོས་སུམ་ཅུ་རྩ་བདུན་ནི་སྦྱོར་ཚུལ་གོང་དང་འདྲ་ཡང་། ཁྱད་པར་དུ་སེང་གེའི་ཁྲིས་མི་འཇིགས་པ་བཞི་མཚོན་པ་དང་། གླང་པོ་ཆེའི་ཁྲིས་སྟོབས་བཅུ། རྨ་བྱའི་ཁྲིས་དབང་བཅུ། རྟའི་ཁྲིས་རྫུ་འཕྲུལ་བཞི། ཤང་ཤང་གི་ཁྲིས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ། རྩིག་པས་ཡེ་ཤེས་ལྔ། འོད་ཟེར་འཁྱིལ་བས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ། གདུགས་གིས་འགྲོ་བ་སྐྱོབ་པ། མཚུངས་པ་མེད་པའི་ཏོག་ལ་སོགས་པས་མཐར་ཐུག་པའི་ཡོན་ཏན་རིན་པོ་ཆེས་བརྒྱན་པར་མཚོན་ནོ།།
དེ་ལྟ་བུའི་མཚོན་བྱ་མཚོན་བྱེད་དཀྱིལ་འཁོར་གྱི་གཞལ་ཡས་ཁང་འདི་ན་བརྟེན་པ་ལྷ་གང་དང་སུ་བཞུགས་མིན་མདོར་ཙམ་བཤད་ན། དེ་ཡང་ཀུན་མཁྱེན་ཆེན་པོས་དེ་ཉིད་ལས། འདི་སྐད་དུ།
རིགས་ལྔ་སོ་སོའི་ཡུམ་དང་སེམས་དཔའ་བརྒྱད།།
སེམས་མ་བརྒྱད་དང་སྒོ་བ་ཡབ་ཡུམ་བརྒྱད།།
ཐུབ་པ་དྲུག་རྣམས་སོ་སོའི་གནས་བཞུགས་ཏེ།།
སྐུ་མདོག་ཕྱག་མཚན་རྒྱན་རྣམས་རྫོགས་པ་ལས།།
མུ་མེད་འོད་ཟེར་ཕྱོགས་མཐའ་གཏུགས་པར་འཕྲོ།། ཞེས་གསུངས་པ་ལྟར་དེའི་དབུས་སུ་སངས་རྒྱས་རྣམ་པར་སྣང་མཛད་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་དང་བཅས་པ་སྐུ་མདོག་མཐིང་ག་དང་། ཤར་དུ་སངས་རྒྱས་མི་བསྐྱོད་པ་མཱ་མ་ཀཱི་དང་བཅས་པ་སྐུ་མདོག་དཀར་པོ། ལྷོར་སངས་རྒྱས་རིན་ཆེན་འབྱུང་གནས་སངས་རྒྱས་སྤྱན་མ་དང་བཅས་པ་སྐུ་མདོག་སེར་པོ། ནུབ་ཏུ་སངས་རྒྱས་འོད་དཔག་མེད་གོས་དཀར་མོ་དང་བཅས་པ་སྐུ་མདོག་དམར་པོ། བྱང་དུ་སངས་རྒྱས་དོན་ཡོད་གྲུབ་པ་སྒྲོལ་མ་དང་བཅས་པ་སྐུ་མདོག་ལྗང་གུའི་རྣམ་པ་ཅན་དུ་བཞུགས་པ་དང་། དེ་དག་གི་འོག་ན་འཁོར་ལོའི་རྩིབས་བཞི་ཡོད་པ་ལ་རིགས་ལྔ་བཞུགས། འཁོར་ལོའི་ཕྱི་རོལ་གྱི་གྲྭ་བཞི་དང་། གྲུ་ཆད་བཞི་སྟེ་མཚམས་ཀྱི་ཟུར་ལ་ཕྱི་མ་ནང་མ་གཉིས་གཉིས་ཏེ་བརྒྱད་དུ་ཡོད་པའི་ཤར་ལྷོའི་གྲྭ་ལ། སའི་སྙིང་པོ་དང་སྒེག་མོ་སྐུ་མདོག་ལྗང་སྔོན་དང་། ལྷོ་ནུབ་ཀྱི་གྲྭ་ལ། ནམ་མཁའི་སྙིང་པོ་དང་ཕྲེང་བ་མ་སྐུ་མདོག་མཐིང་སྔོན། ནུབ་བྱང་གི་གྲྭ་ལ། སྤྱན་རས་གཟིགས་དང་གླུ་མ་སྐུ་མདོག་དམར་སྐྱ། བྱང་ཤར་གྱི་གྲྭ་ལ། ཕྱག་ན་རྡོ་རྗེ་དང་གར་མ་སྐུ་མདོག་སྔོ་སྐྱ་བཅས་བཞུགས་སོ།། གྲྭ་ཆད་བཞི་ཡོད་པ་དེ་དག་གི་ཤར་ལྷོར་བྱམས་པ་དང་བདུག་སྤོས་མ་སྐུ་མདོག་དཀར་མོ་དང་། ལྷོ་ནུབ་ཏུ་སྒྲིབ་པ་རྣམ་སེལ་དང་མེ་ཏོག་མ་སྐུ་མདོག་མཐིང་ག ནུབ་བྱང་དུ་འཇམ་དཔལ་དང་མར་མེ་མ་སྐུ་མདོག་དམར་སྐྱ། བྱང་ཤར་དུ་ཀུན་དུ་བཟང་པོ་དང་དྲི་ཆབ་མ་སྐུ་མདོག་ལྗང་སེར་བཅས་བཞུགས་སོ།། བར་ཁྱམས་ཀྱི་སྣམ་བུ་ལ་ཐུབ་པ་དྲུག་དང་། ཤར་སྒོར་གཤིན་རྗེའི་གཤེད་པོ་དང་གཤེད་མོ། ལྷོ་སྒོར་རྣམ་པར་རྒྱལ་བ་དང་རྒྱལ་བྱེད་མ། ནུབ་སྒོར་རྟ་མགྲིན་དང་རྟ་མགྲིན་མོ།།
བྱང་སྒོར་བདུད་རྩི་འཁྱིལ་བ་དང་འཁྱིལ་མོ་རྣམས་བརྟེན་པར་བྱེད་དོ།། དེ་ལྟར་འདིར་དཔེ་མཚོན་ཙམ་གྱི་ཆེད་དུ་གོང་གི་བཤད་འདི་ཞུས་པ་མ་གཏོགས་དེ་ཙམ་གྱིས་འཐུས་པ་ནི་ཡེ་ནས་མ་ཡིན་ཏེ།
སྤྱིར་དཀྱིལ་འཁོར་ལ་ཞི་རྒྱས་དབང་དྲག་གི་རྣམ་གྲངས་ཕྱེ་རྒྱུ་ཡོད་པ་དང་།
དེ་དག་གི་བཞེངས་ཚུལ་རྣམ་བཞག་ཀྱང་རྒྱུད་སྡེ་དང་གཏེར་ཁ་སོ་སོ་ལས་ཅུང་ཟད་མི་འདྲ་བ་རེ་དགག་བྱ་དགོས་པར་གཟིགས་ནས་རྒྱས་པར་གསུངས་ཡོད་ཕྱིར་རོ།།
བཞི་པ་སྤྱིར་དཀྱིལ་འཁོར་བཞེངས་པའི་དགོས་པ་ནི།
དེའང་རྒྱལ་བ་དྲིལ་བུ་པས། འདི་སྐད་དུ།
བཅོས་མ་གཉིས་ཀྱི་ངོ་བོ་གང༌།། དེ་ནི་གདུལ་བྱའི་དབང་ལས་འདོད།།
འགྲོ་བ་འདི་དག་རང་བཞིན་གྱིས།། གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ།། ཞེས་གསུངས་པ་ལྟར། དེའང་དཀྱིལ་འཁོར་ནི།
ལས་དང་དགོས་པ་དུ་མ་ཞིག་གི་ཆེད་དུ་བཞེངས་པ་ལས་དེང་སང་ལྟར་འགྲེམས་སྟོན་དང་མཛེས་ཆོས་ཀྱི་ཆེད་དུ་མ་ཡིན་ཞིང་།
དེ་ལ་གཙོ་བོའི་དགོས་པ་ནི་སྣོད་རུང་གི་སློབ་མ་རྣམས་དཀྱིལ་འཁོར་དུ་བཅུག་སྟེ་རྒྱུད་སྨིན་པར་བྱ་བའི་དོན་དུ་དབང་བསྐུར་བའི་ཆེད་དུ་ཡིན་ཅིང་། དེ་བཞིན་སློབ་མའི་རྒྱུད་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་དག་དག་པར་བྱེད་ཅིང་། མ་འོངས་པ་ན་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ངམ་སངས་རྒྱས་ཉིད་མངོན་དུ་བྱ་བ་དང་།
དེ་ཐོབ་བྱེད་ཀྱི་ལམ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་།
བདག་ཉིད་འཇུག་ཅིང་དབང་ལེན་པ་སོགས་བསྒོམ་པ་ལ་དབང་བར་བྱེད་པས་ན་དེ་སྐད་ཅེས་བྱ། དེ་ལྟ་བུའི་དབང་དེའང་རྒྱུད་སྡེ་སོ་སོ་ནས་རིགས་གཏད་པའི་ཆོ་ག་དང༌། རྗེས་གནང་། དབང་སྦྱིན་པ་ལ་སོགས་པ་ཇི་སྐད་བཤད་པའི་རིམ་པ་རྣམས་ཐོབ་པར་བྱས་ནས་དེའི་དོན་ཉམས་སུ་ལེན་པ་ལ་འཇུག་པར་བྱེད་དོ།།
དེའང་རྒྱུད་སྡེ་སོ་སོའི་དབང་གི་རིམ་པ་ནི།
བྱ་རྒྱུད་ལས་མཎྜལ་ཙམ་ལ་བརྟེན་ནས། རིགས་གཏད་པ་དང༌། རྗེས་སུ་གནང་བ་དང༌། བུམ་དབང་དང་སྔགས་ཀྱི་རྗེས་གནང་སྦྱིན་པའི་སྒོ་ནས་སྣོད་དུ་རུང་བར་གྱུར་བར་གསུངས་པ་དང་། སྤྱོད་པའི་རྒྱུད་ནས་རིག་པའི་དབང་ལྔ་དང་། རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་བཅས་བསྐུར་བས་སྣོད་རུང་དུ་བྱས་པ་དང་། རྣལ་འབྱོར་རྒྱུད་ནས་རིག་པའི་དབང་ལྔའི་ཐོག་ཏུ། སློབ་མའི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་དབང་རྫོགས་པར་བསྐུར་བས་སྣོད་དུ་རུང་བར་གསུངས་སོ།།
རྣལ་འབྱོར་བླ་མེད་རྒྱུད་ནས་བུམ་དབང་དང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་སོགས་བཞི་ཀ་བསྐུར་བས་ལམ་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་མ་ལུས་པ་བསྒོམ་པའི་སྣོད་དུ་རུང་བར་གསུངས་སོ།།
དེས་ན་རྒྱུད་སྡེ་སོ་སོའི་དབང་བསྐུར་བ་ལ་དཀྱིལ་འཁོར་གྱི་དགོས་པ་ཆེན་པོ་ཡོད་དེ།
སྤྱིར་གོང་དུ་ཞུས་པ་བཞིན་འབྲས་བུ་སྔགས་ཀྱི་ཐེག་པ་དེ་ནི་ཐབས་ལ་མངའ་རྙེད་པའི་ཐེག་པ་ཞིག་ཏུ་ཟད་པས།
གདུལ་བྱ་ཁམས་དབང་རབ་འབྲིང་མཐའ་གསུམ་གྱི་རིམ་པ་མི་འདྲ་བ་དུ་མ་ཞིག་ཡོད་པ་བཞིན་ཡིན།
དེ་དག་སོ་སོའི་བློ་དང་འཚམ་པའི་སྙིང་པོ་དོན་གྱི་གནས་ལུགས་དཀྱིལ་འཁོར་གྱི་ལམ་ནས་ངོ་སྤྲད་ན་རྟོགས་སླ་བའི་ཆེ་བ་ཡོད་དེ།
དཔེར་ན་བྱིས་པ་ལ་ལྷ་སའི་བཟོ་དབྱིབས་བརྒྱ་བཤད་སྟོང་བཤད་བྱས་པ་ལས་དཔེ་རིས་གཅིག་བསྟན་པ་ཉིད་ངོ་འཕྲོད་སླ་བ་བཞིན།
རས་བྲིས་དང་། རྡུལ་མཚོན་སོགས་གཟུགས་བརྙན་གྱི་དཀྱིལ་འཁོར་དེ་དག་ཏུ་ངོ་སྤྲད་དེ་དབང་པོ་དམན་པ་རྣམས་རྒྱུད་སྨིན་པའི་ཕྱིར་དབང་བསྐུར་བའི་ཐབས་བདེ་བ་དང་། མེ་ཏོག་གི་ཚོམ་བུའམ་ལྷའི་ཕྱག་མཚན་སོགས་དམིགས་རྟེན་ཅུང་ཟད་ཙམ་གྱིས་དབང་པོ་འབྲིང་པོ་རྣམས་རྒྱུད་སྨིན་པའི་ཕྱིར་དབང་བསྐུར་བའི་ཐབས་དང་། ལུས་ཀྱི་དཀྱིལ་འཁོར་ཏེ་བླ་མའི་སྐུའི་དཀྱིལ་འཁོར་ལ་བརྟེན་ནས་དབང་པོ་རབ་རྣམས་རྒྱུད་སྨིན་པའི་ཕྱིར་དབང་བསྐུར་བའི་ཐབས་ཡིན་ཏེ།
ཀུན་མཁྱེན་གྱིས་འདི་སྐད་དུ།
དེ་ཡང་གང་མོས་རྒྱུད་སྡེའི་རིམ་པ་ལ།།
བརྟེན་ནས་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱ།།
ཐོག་མར་རིགས་གཏད་རྗེས་གནང་དབང་ལ་སོགས།།
རང་རང་གཞུང་ནས་གསུངས་པའི་ལུང་མནོས་ཏེ།།
རང་གི་སེམས་འདི་ཡོངས་སུ་སྨིན་པར་བྱ།། ཞེས་གསུངས་པ་ལྟར་རོ།།
མདོར་ན་དེ་ལྟར་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་བགྱིས་པའི་དགོས་པ་ནི། ཞེན་པ་སྤངས་པས་ལྷ་ཆོས་ཉིད་དུ་རྟོགས་པ་དང༌། ཐབས་ཁྱད་པར་ཅན་གྱིས་བདེ་གསལ་མི་རྟོགས་པ་སྐྱེ་བ།
ཅིར་སྣང་ཆོས་ཉིད་དུ་འཆར་བ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པས་གནས་ལུགས་ཀྱི་ཕུ་ཐག་ཆོད་པ་ལ་ངལ་བ་མེད་པར་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པར་གྱུར་བའི་དགོས་པ་ཡོད་དོ།།
དེ་ལྟར་རེ་ཞིག་མཚོན་བྱེད་དཀྱིལ་འཁོར་དག་གིས་མཚོན་བྱ་གཞི་ལམ་འབྲས་བུའི་རྣམ་གཞག་ཇི་ལྟར་མཚོན་ཚུལ་དང་།
བརྟེན་པ་ལྷ་ཚོགས་གང་ན་ཇི་ལྟར་བཞུགས་པའི་རིམ་པ་རྣམས་དང་།
དེའི་དགོས་པ་བཅས་དོན་ལ་རང་བཟོའི་ལྷད་མ་བཅུག་པར་ཀུན་མཁྱེན་ཆེན་པོའི་དགོངས་པ་གཞིར་བཟུང་རགས་ཙམ་འདིར་བཀོད་པའོ།།
སྐབས་དོན་ཟབ་མོ་གཏེར་གསར་གྱི་དཀྱིལ་འཁོར་སྐོར་མདོ་ཙམ་གླེང་བ།
དེ་ཡང་སྐབས་དོན་ཟབ་མོ་གཏེར་གསར་ལུགས་ཀྱི་དཀྱིལ་འཁོར་རྣམ་བཞག་མདོ་ཙམ་ཞིག་གླེང་བ་ནི།
དང་པོ་གཏེར་བདག་ངོ་སྤྲོད་པ་དང་།
གཉིས་པ་རྩ་གསུམ་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཅུང་ཟད་སྤྲོས་ཏེ་ངོ་སྤྲོད་པ།
གསུམ་པ་དེ་མིན་དཀྱིལ་འཁོར་རྣམས་བསྡུས་ཏེ་བཤད་པ།
བཞི་པ་ཁ་སྐོང་ངམ་ལྷན་ཐབས་ཀྱི་དཀྱིལ་འཁོར་རྣམས་ངོས་འཛིན་པ་བཅས་ཀྱི་ལམ་ནས་ཞུ་བ་ལ།
དང་པོ་གཏེར་བདག་ངོ་སྤྲོད་པ་ནི།
དེ་ལྟ་བུའི་མཁའ་འགྲོའི་བྱིན་རླབས་ཀྱི་ཁ་རླངས་མ་ཡལ་བའི་ཉེ་བརྒྱུད་གཏེར་མའི་ཁོངས་གཏོགས། གཏེར་གསར་ཆོས་གཏེར་གྱི་བདག་པོ་བྱང་ཆུབ་སེམས་དཔའ་ནུས་ལྡན་རྡོ་རྗེའི་རྣམ་སྤྲུལ། ཕ་རྒན་པདྨས་དངོས་སུ་རྗེས་སུ་བཟུང་བའི་སྙིགས་དུས་འགྲོ་བ་འདྲེན་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་རྣམ་ཐར་གཞན་དང་གཞན་ནས་རྒྱས་པར་གསལ་ནའང་།
འདིར་དགོས་པའི་དབང་གིས་མདོར་སྒྲིལ་ན། གསོལ་འདེབས་ཚིགས་བཅད་གཅིག་མ་ལས། ཇི་སྐད་དུ།
སྔོན་ཚེ་རིག་འཛིན་ནུས་ལྡན་རྡོ་རྗེ་འཆང་།།
མ་འོངས་བདེ་གཤེགས་མོས་པ་མཐའ་ཡས་ཞབས།།
ད་ལྟ་པད་འབྱུང་རྒྱལ་ཚབ་འབྲོག་བན་དངོས།།
འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།།
ཞེས་གསུངས་པ་ལྟར་ལགས་སོ།།
དེ་མིན་སྐྱེས་ཆེན་དམ་པ་འདིའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་མཐའ་དག་ངེད་ཅག་ལྟ་བུའི་སོ་སོ་སྐྱེ་བོས་སྤྱོད་ཡུལ་ལས་འདས་སོ།།
ད་ནི་སྤྲུལ་པའི་གཏེར་སྟོན་ཆེན་པོ་དེས་བཞེས་པའི་གཏེར་ཆོས་ཟབ་མོ་གཏེར་གསར་གྱི་ཆོས་སྐོར་ལ་ཆ་མཚོན་ན།
སྤྲུལ་པའི་གཏེར་སྟོན་ཆེན་པོ་ཕ་རྒན་ཉིད་ལ་དགོངས་པ་ཀློང་བརྡོལ་དང་།
དག་སྣང་ཡེ་ཤེས་དྲ་བ། ཆོས་ཉིད་ནམ་མཁའི་མཛོད།
ཟབ་གསང་མཁའ་འགྲོའི་སྙིང་ཐིག་བཅས་ཀྱི་ལམ་ནས་བབས་པའི་ཟབ་མོ་གཏེར་གསར་གྱི་གཏེར་ཆོས་དངོས་ཁག་དང་།
དེ་མིན་གཏེར་རྙིང་གཏེར་སྟོན་པདྨ་གླིང་པ་སོགས་ཀྱི་གཏེར་ཆོས་ཕྱོགས་བསྒྲིགས་ཀྱི་ཚན་པ།
གཞན་ཡང་གཏེར་གསར་ཁོངས་ནས་རིག་འཛིན་མཆོག་གྱུར་གླིང་པའི་གཏེར་ཆོས་ཕྱོགས་བསྒྲིགས་མཛད་པའི་ཚན་པ་བཅས་གསུམ་ཙམ་ཉིད་ཀྱི་གཏེར་ཆོས་ཁོངས་སུ་བཞུགས་ཡོད།
གཉིས་པ་གཏེར་གསར་རྩ་གསུམ་གཙོས་པའི་ལྷ་ཚོགས་གཞན་དག་གི་དཀྱིལ་འཁོར་ངོ་སྤྲོད་པ།
དང་པོ་རྩ་གསུམ་ལྷ་ཚོགས་ཀྱི་དཀྱིལ་འཁོར་རྣམས་ཅུང་ཟད་ཕྱེ་སྟེ་རིམ་པས་ངོ་སྤྲོད་པ་ལ།
བླ་མ་ནི་གཙོ་བོ་བླ་སྒྲུབ་གཏེར་ཁ་བདུན་འདུས་ལྟ་བུའི་དཀྱིལ་འཁོར་ཞིག་གི་ལམ་ནས་ངོ་སྤྲོད་མདོར་ཙམ་ཞུ་ན།
དེ་ལ་བརྒྱུད་ཚུལ་དང་། དཀྱིལ་འཁོར་གྱི་གཙོ་འཁོར་བཤད་པ་གཉིས་ལས།
དང་པོ་བརྒྱུད་ཚུལ་ནི།
དེ་ཡང་བླ་སྒྲུབ་ཀུན་གྱི་རྒྱལ་པོ་ཆོས་དབང་གསང་འདུས་དང་།
རྡོ་རྗེ་གླིང་པའི་བཀའ་བརྒྱད་འདུས་པ། རཏྣ་གླིང་པའི་ཡང་སྙིང་འདུས་པ།
པདྨ་གླིང་པའི་ནོར་བུ་རྒྱ་མཚོ། ཞིག་པོ་གླིང་པའི་རྒྱལ་བ་འདུས་པ། བདུད་འདུལ་གླིང་པའི་དགོངས་པ་ཡོངས་འདུས།
འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བདེ་གཤེགས་ཡོངས་འདུས་བཅས་གཏེར་ཁ་བདུན་འདུས་ཀྱི་བླ་སྒྲུབ་དེ་ནི།
དང་པོ་ཁྱབ་བདག་ཀུན་བཟང་སྣང་བ་མཐའ་ཡས་ནས་རིམ་པས་སྤྱན་རས་གཟིགས། པདྨ་འབྱུང་གནས།
ཡེ་ཤེས་མཚོ་རྒྱལ། ཚངས་པ་ལྷའི་མེ་ཏོག ལས་ཅན་དཀའ་བབས་འབངས་རིགས་ཉེར་གསུམ།
གུ་རུ་ཆོས་དབང་། རྡོ་རྗེ་གླིང་པ། རཏྣ་གླིང་པ། པདྨ་གླིང་པ། ཞིག་པོ་གླིང་པ།
བདུད་འདུལ་ནུས་ལྡན། བདུད་འཇོམས་འགྲོ་འདུལ་གླིང་པ།
འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ནས་ད་བར་བརྒྱུད་པ་ཟམ་མ་ཆད་པར་གནས་ཡོད།
དེ་བཞིན་གཏེར་ཁ་བདུན་འདུས་ཀྱི་བླ་མའི་ཐུགས་སྒྲུབ་དེ་ནི་ས་གཏེར་སོགས་ལས་དངོས་སུ་མ་བཞེས་ཀྱང་།
དོན་དུ་གོང་གསལ་གཏེར་ཁ་དྲུག་པོ་དག་དང་ཚིག་དོན་ལ་ཁྱད་མེད་པར་ཞལ་གྱིས་བཞེས་ཤིང་།
དེ་ནི་རིག་སྔགས་འཆང་བ་འཁྲུལ་ཞིག་རྡོ་རྗེས་བསྐུལ་བའི་རྐྱེན་གྱིས་དགོངས་གཏེར་ལས་བབས་པའོ།།
གཉིས་པ་དཀྱིལ་འཁོར་གྱི་གཙོ་འཁོར་ནི།
དཀྱིལ་འཁོར་གྱི་བདག་པོ་པདྨ་ཐོད་ཕྲེང་རྩལ་རྡོ་རྗེ་སེམས་པའི་ཆ་ལུགས་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ།
ལུས་གཅེར་བུ་དང་། སྤྱན་གསུམ་རུས་རྒྱན་ཅན།
ཕྱག་གཡས་སུ་རྡོ་རྗེ་དང་གཡོན་དུ་དྲིལ་བུ་ཡུམ་ལ་འཁྱུད་པ།
ཞབས་གཉིས་རྡོ་རྗེ་དཀྱིལ་ཀྲུང་།
འཕང་གཡོན་ན་རིན་ཆེན་རུས་རྒྱན་ཅོད་པན་ཅན་གྱི་རིག་མ་ཡེ་ཤེས་མཚོ་རྒྱལ་མས་ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་།
གཡོན་པས་ཐོད་པའི་བདུད་རྩི་སྟོབ་པ། ཞབས་གཉིས་ཡབ་ཀྱི་སྐེད་པར་འཁྲིལ་བ་ཉིད་དང་།
དེའི་འཁོར་དུ་ཕྱོགས་བཞིའི་སྒོ་བཞིར་སྐུ་མདོག་དཀར་སེར་དམར་ལྗང་ཅན་གྱི་པདྨ་ཐོད་ཕྲེང་རྩལ་རེ་བཞུགས་ཡོད་པ་དེ་དག་ནི་དཀྱིལ་འཁོར་དེའི་གཙོ་འཁོར་རོ།།
དེ་མིན་རྟ་མགྲིན་དབང་ཕྱུག་གི་སྤྱི་གཙུག་ཏུ་པདྨ་ཐོད་ཕྲེང་རྩལ་བཞུགས་པའི་རྣམ་པའང་བསམས་ཆོག
གཉིས་པ་ཡི་དམ་ལ།
གཙོ་བོ་ཕུར་པ་གནམ་ལྕགས་སྤུ་གྲི་ལྟ་བུའི་དཀྱིལ་འཁོར་ཞིག་གི་ལམ་ནས་ངོ་སྤྲོད་མདོར་ཙམ་ཞུ་ན།
དེ་ལ་བརྒྱུད་ཚུལ་དང་། དཀྱིལ་འཁོར་གྱི་གཙོ་འཁོར་བཤད་པ་གཉིས་ལས། དང་པོ་བརྒྱུད་ཚུལ་ནི།
ཐོག་མ་རྒྱལ་བ་ཀུན་ཏུ་བཟང་པོ་ནས་རིམ་པས་རིགས་ལྔ་ཧེ་རུ་ཀ རྡོ་རྗེ་སེམས་པ།
གསང་བདག་དཔལ་ལྡན་རྡོ་རྗེ། རྒྱལ་ཚབ་དགའ་རབ་རྡོ་རྗེ། ཤྲཱི་སེང་ཧ། རྒྱལ་པོ་ཛཿ
ལས་ཀྱི་དབང་མོ། པྲ་བྷ་ཧ། པདྨ་ཐོད་ཕྲེང་རྩལ། མཁར་ཆེན་བཟའ། ཚངས་པ་ལྷའི་མེ་ཏོག
འབྲོག་བན་ལོ་ཙཱ་བ། ཁྲག་འཐུང་བདུད་འཇོམས་གླིང་པ།
མཐར་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ནས་ད་བར་བྱིན་རླབས་ཚན་ཁ་མི་ཉམས་པར་བརྒྱུད་ནས་བཞུགས་ཡོད།
གཉིས་པ་དཀྱིལ་འཁོར་གྱི་གཙོ་འཁོར་བཤད་པ་ནི།
གཙོ་བོ་རྒྱལ་བ་ཐམས་ཅད་ཀྱི་འཕྲིན་ལས་གཅིག་ཏུ་བསྡུས་པའི་རང་གཟུགས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཉིད་ལ།
ཕྱི་རིམ་གནམ་ལྕགས་རྩིབས་བཞིའི་སྟེང་དུ་ཤར་དུ་བཇྲ་ཀཱིལ་དཀར་པོ་དང་།
ལྷོ་རུ་རཏྣ་ཀཱིལ་སེར་པོ། ནུབ་ཏུ་པདྨ་ཀཱིལ་དམར་པོ། བྱང་དུ་ཀརྨ་ཀཱིལ་ལྗང་གུ་བཅས་ནི་དཀྱིལ་འཁོར་དེའི་གཙོ་འཁོེར་ཉིད་ལས་མ་འདས་སོ།།
གསུམ་པ་མཁའ་འགྲོ་ལའང་།
གཙོ་བོ་བདུད་འཇོམས་མཁའ་འགྲོ་ཐུགས་ཐིག་གི་དཀྱིལ་འཁོར་ལྟ་བུ་ཞིག་གི་ལམ་ནས་ངོ་སྤྲོད་མདོར་ཙམ་ཞུ་བ་ལ།
དེ་ལ་བརྒྱུད་ཚུལ་དང་། དཀྱིལ་འཁོར་གྱི་གཙོ་འཁོར་བཤད་པ་གཉིས་ལས། དང་པོ་བརྒྱུད་ཚུལ་ནི།
ཐོག་མ་འཆི་མེད་སྣང་བ་མཐའ་ཡས་ནས་རིམ་པས། པདྨ་འཆང་བ་དང་།
མཚོ་སྐྱེས་རྡོ་རྗེ། མཚོ་རྒྱལ་མ།
འབྲོག་བན་ལོ་ཙཱ་བ་སོགས་ནས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བར་རྒྱུན་མ་ཆད་པར་ད་བར་བྱིན་རླབས་དྲོད་རླངས་མི་ཡལ་བར་བཞུགས་ཡོད་པ་དེ་ལྟར་ཡིན།
གཉིས་པ་དཀྱིལ་འཁོར་གྱི་གཙོ་འཁོར་བཤད་པ་ནི།
དེ་ཡང་གཙོ་བོའི་ཚུལ་དུ་བདེ་སྟོང་དབྱེར་བ་མེད་པའི་མ་གཅིག་མཚོ་རྒྱལ་མ་ཕྱག་ན་གྲི་གུག་དང་ཐོད་པ་འཛིན་པའི་རྣམ་པ་ཅན།
ཞབས་གཉིས་མཉམ་སྟབས་ཀྱིས་བཞེངས་པ། པདྨ་དང་ཉི་ཟླའི་གདན་སྟེང་དུ་བཞུགས་ཤིང་།
དེའི་འཁོར་དུ་གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་གར་གྱིས་རོལ་བའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དག་གོ།
དེ་ལྟར་རེ་ཞིག་རྩ་གསུམ་ལྷ་ཚོགས་ཀྱི་དཀྱིལ་འཁོར་གྱི་ངོ་སྤྲོད་དེ་ཙམ་གྱིས་འཐུས་པར་བྱས་སོ།།
གསུམ་པ་དེ་མིན་གྱི་དཀྱིལ་འཁོར་རྣམས་ཀྱི་རྣམ་གྲངས་ཙམ་བཤད་པ།
གཏེར་རྙིང་ཕྱོགས་ཁྲིགས་ཀྱི་དཀྱིལ་འཁོར་ཁག་ནི།
བཀའ་བརྒྱད་དགུ་འདུས་ཀྱི་དཀྱིལ་འཁོར་དང་། བདུད་འཇོམས་ཐུགས་ཆེན་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར།
སངས་གླིང་བླ་མ་དགོངས་འདུས་ཀྱི་དཀྱིལ་འཁོར། པད་གླིང་ཕུར་པའི་དཀྱིལ་འཁོར།
པད་གླིང་བླ་སྒྲུབ་དཀྱིལ་འཁོར། པད་གླིང་ཚེ་སྒྲུབ་དཀྱིལ་འཁོར།
ཀློང་སྙིང་ཐུགས་ཆེན་སྡུག་བསྔལ་རང་གྲོལ་གྱི་དཀྱིལ་འཁོར།
ཉང་གཏེར་བཀའ་བརྒྱད་བདེ་འདུས་ཀྱི་དཀྱིལ་འཁོར། པདྨ་གསང་ཐིག་བཅས་དགུའོ།།
གཏེར་གསར་ཟུར་སྒྲིག་གི་དཀྱིལ་འཁོར་ཁག་ནི། མཆོག་གླིང་པའི་རྫོགས་ཆེན་སྡེ་གསུམ་གྱི་དཀྱིལ་འཁོར་ལས།
དང་པོ་ཕྱི་སྐོར་ལ། སེམས་སྡེ་བླ་མ་འགྲོ་འདུལ་རྩལ་དབང་གི་དཀྱིལ་འཁོར་དང་།
སེམས་སྡེ་ཡི་དམ་ཞི་བ་དབང་གི་དཀྱིལ་འཁོར།
སེམས་སྡེ་ཨ་ཡིག་མདའ་འཕེན་མའི་དཀྱིལ་འཁོར་བཅས་གསུམ་མོ།། གཉིས་པ་ནང་སྐོར་ལ།
ཀློང་སྡེ་བླ་མ་རིག་འཛིན་སྒྲུབ་དབང་གི་དཀྱིལ་འཁོར།
ཀློང་སྡེ་ཡི་དམ་ཞི་བ་སྟོན་པ་བཅུ་གཉིས་ཀྱི་དཀྱིལ་འཁོར།
ཀློང་སྡེ་མཁའ་འགྲོ་སྟོབས་ལྡན་མའི་དཀྱིལ་འཁོར་བཅས་གསུམ་མོ།། གསུམ་པ་གསང་སྐོར་ལ།
བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དང་།
སྔ་འགྱུར་བཀའ་མ་སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར། སྔ་འགྱུར་བཀའ་མ་སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར།
གསང་སྐོར་ཁྲིད་ཀྱི་བྱན་རླབས་ཀྱི་དཀྱིལ་འཁོར་བཅས་བཞིའོ།།
གཞན་ཡང་རྫོགས་ཆེན་སྡེ་གསུམ་ལས་རིག་འཛིན་བླ་མའི་ཟབ་དབང་གི་དཀྱིལ་འཁོར་དང་།
རྫོགས་ཆེན་སྡེ་གསུམ་ལས་ཐུན་མིན་ཟབ་དབང་དངོས་ཀྱི་དཀྱིལ་འཁོར་བཅས་བསྡོམས་པས་དཀྱིལ་འཁོར་བཅུ་གཉིས་བཞུགས་སོ།།
གཏེར་གསར་ཕྱོགས་ཁྲིགས་ཀྱི་དཀྱིལ་འཁོར་ཁག་ནི།
བདུད་འཇོམས་བློ་ལྡན་མཆོག་སྲེད་ཀྱི་དཀྱིལ་འཁོར།
བདུད་འཇོམས་རྟ་མགྲིན་ཡང་ཁྲོས་ནག་པོའི་དཀྱིལ་འཁོར།
ཕྲིན་གླིང་ཚིག་བདུན་ཟབ་སྒྲུབ་ཀྱི་དཀྱིལ་འཁོར། བདུད་འདུལ་སྒྲོལ་དཀར་གྱི་དཀྱིལ་འཁོར།
བདུད་འདུལ་གྲོ་ལོད་རྩལ་གྱི་དཀྱིལ་འཁོར། བདུད་འདུལ་དགོངས་འདུས་ཀྱི་དཀྱིལ་འཁོར།
བདུད་འདུལ་ཚེ་དཀར་གྱི་དཀྱིལ་འཁོར། བདུད་འཇོམས་འཆི་མེད་སྲོག་ཐིག་གི་དཀྱིལ་འཁོར།
བདུད་འཇོམས་ཞི་ཁྲོ་སྔགས་གསོའི་དཀྱིལ་འཁོར། བདུད་འཇོམས་རྡོར་སེམས་བླ་མཆོད་ཀྱི་དཀྱིལ་འཁོར།
བདུད་འཇོམས་ཕུར་པ་སྤུ་གྲི་རེག་ཕུང་གི་དཀྱིལ་འཁོར། བདུད་འཇོམས་སེང་གདོང་མའི་དཀྱིལ་འཁོར།
བདུད་འཇོམས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར།
བདུད་འཇོམས་རྩ་གསུམ་དགོངས་འདུས་ཀྱི་དཀྱིལ་འཁོར།
བདུད་འཇོམས་ཚེ་སྒྲུབ་ཡང་གསང་གི་དཀྱིལ་འཁོར།
ཕུར་པ་བདུད་སྤུངས་ཟིལ་གནོན་གྱི་དཀྱིལ་འཁོར།
ཕུར་པ་ཡང་གསང་བཅུད་དྲིལ་གྱི་དཀྱིལ་འཁོར། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར།
བདུད་འཇོམས་ཐུགས་རྗེ་ཆེན་པོ་ཡང་སྙིང་གསང་བ་བཅུད་དྲིལ་གྱི་དཀྱིལ་འཁོར།
ཡིད་བཞིན་འོད་འཕྲོ་ལས་བླ་མ་ཞི་བའི་དཀྱིལ་འཁོར། མཚོ་སྐྱེས་ཐུགས་ཐིག་གི་དཀྱིལ་འཁོར།
བདུད་འཇོམས་ཁྲོས་མའི་དཀྱིལ་འཁོར། བདེ་ཆེན་ཞིང་སྒྲུབ་ཀྱི་དཀྱིལ་འཁོར་དང་།
བདུད་འཇོམས་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་བཅས་ཉི་ཤུ་རྩ་བཞི་བཞུགས་ཤིང་།
ཁྱོན་བསྡོམས་པའི་དཀྱིལ་འཁོར་ཞེ་བརྒྱད་པོ་དེ་དག་ཐམས་ཅད་ལས།
གོང་གི་རྩ་གསུམ་དཀྱིལ་འཁོར་ཕུད་པའི་ལྷག་མ་ཞེ་ལྔ་པོ་དག་ལའང་མཚོན་དོན་དགོས་པ་སོགས་ཀྱི་བཤད་པ་རྒྱས་འབྲིང་ཅི་རིག་བཤད་རྒྱུ་ཡོད་ཀྱང་།
འདིར་རྒྱུ་རྐྱེན་དུ་མ་ཞིག་ལ་བརྟེན་ཏེ་བྲིས་མ་ཐུབ་མོད།
འོན་ཀྱང་དོན་གཉེར་ཅན་འདྲ་མཆིས་ཚེ་ཕ་རྒན་གྱི་གསུང་འབུམ་ཉིད་ལ་གཟིགས་པར་འཚལ།
ཁ་སྐོང་ངམ་ལྷན་ཐབས་ཁག
ཟློག་དཀྱིལ་ལ། བདུད་འདུལ་གྲོ་ལོད་ཀྱི་ཟློག་དཀྱིལ་དང་།
བདུད་འཇོམས་ཕུར་པ་ཡང་གསང་བདེ་གཤེགས་སྙིང་པོའི་ཟློག་དཀྱིལ།
བདུད་འཇོམས་སེང་གདོང་མའི་ཟློག་དཀྱིལ། བདུད་འཇོམས་རྟ་མགྲིན་ཡང་ཁྲོས་ཀྱི་ཟློག་དཀྱིལ།
ཕུར་པ་གནམ་ལྕགས་སྤུ་གྲིའི་ཟློག་དཀྱིལ།
བདུད་འཇོམས་ཕུར་པ་སྤུ་གྲི་རེག་ཕུང་གི་ཟློག་དཀྱིལ།
བདུད་འཇོམས་བཀའ་བརྒྱད་དགུ་འདུས་ཀྱི་ཟློག་དཀྱིལ།
པད་གླིང་ཕུར་པའི་ཟློག་དཀྱིལ་བཅས་བསྡོམས་པས་བརྒྱད་ཡོད།
ཐབ་དཀྱིལ་ལ། བདུད་འཇོམས་ཕུར་པ་གནམ་ལྕགས་སྤུ་གྲིའི་དྲག་པོའི་ཐབ་དཀྱིལ་དང་།
བདུད་འཇོམས་ཕུར་པ་གནམ་ལྕགས་སྤུ་གྲིའི་རྒྱས་པའི་ཐབ་དཀྱིལ།
བདུད་འཇོམས་ཕུར་པ་གནམ་ལྕགས་སྤུ་གྲིའི་ཞི་བའི་ཐབ་དཀྱིལ།
བདུད་འཇོམས་ཕུར་པ་གནམ་ལྕགས་སྤུ་གྲིའི་དབང་གི་ཐབ་དཀྱིལ།
བདུད་འཇོམས་ཁྲོས་མའི་སྦྱིན་སྲེག་གི་ཐབ་དཀྱིལ། བདུད་འཇོམས་ཁྲོས་མའི་མེ་མཆོད་ཀྱི་ཐབ་དཀྱིལ་བཅས་དྲུག་ཡོད།
གཞན་ཡང་། བདུད་འཇོམས་འཆི་བསླུའི་འཁོར་ལོ།
རིགས་ལྔ་ཕྱག་མཚན་འཁོར་ལོ་བཅས་བསྡོམས་པའི་ཁ་སྐོང་དང་ལྷན་ཐབས་ཁོངས་སུ་བཅུ་དྲུག་བཅས།
ད་ཐེངས་དཔར་བསྐྲུན་ཞུས་པའི་དཀྱིལ་འཁོར་གྱི་ཁོངས་རྩ་གསུམ་གཙོས་པའི་དཀྱིལ་འཁོར་གཞན་རྣམས་དང་།
གཞན་ཡང་ཁ་སྐོང་ངམ་ལྷན་ཐབས་ཐམས་ཅད་བསྡོམས་པས་གྲངས་དྲུག་ཅུ་རེ་བཞི་བཞུགས་སོ།།
མཇུག་བསྡུ་བ།
གླེང་བརྗོད་མདོར་བསྡུས་འདི་ནི་འཕགས་ཡུལ་ཨོ་ཌི་ས་ཕུན་ཚོགས་གླིང་གཞིས་གྲོང་གསུམ་པ།
ལྷོ་རུ་རྡོ་རྗེ་ཕག་མོ།
ནུབ་ཏུ་རྒྱལ་བ་རིགས་གསུམ་མགོན་པོའི་གནས་རི་གཉིས་ཀྱིས་མཛེས་པར་བསྐོར་བའི་འདབས་ན་ཆགས་པའི་ཕ་རྒན་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་མ་དགོན་བདུད་འདུལ་རབ་བརྟན་གླིང་གི་དབུ་མཛད་པད་བཀོད་བསོད་ནམས་བཀྲ་ཤིས་ལགས་ནས།
ཁོང་དང་འོག་སྨིན་ཨོ་རྒྱན་སྨིན་གྲོལ་གླིང་གི་དབུ་མཛད་པད་བཀོད་འགྱུར་མེད་བདེ་གཤེགས་འཕེལ་རྒྱས་ལགས་རྣམ་གཉིས་ནས།
བདུད་འཇོམས་གཏེར་གསར་ཆོས་སྐོར་གྱི་དཀྱིལ་འཁོར་ཆ་ཚང་ཕྱོགས་བསྒྲིགས་ཀྱིས་དཔར་བསྐྲུན་བྱེད་འཆར་ཡོད་པས།
དེའི་གླེང་བརྗོད་ཅིག་དགོས་སྐོར་བཀའ་ཕེབས་ཀྱང་།
རྒྱལ་ཁམས་པ་རང་ཉིད་ལྟ་བུར་ཆ་མཚོན་ན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་གཞུང་བཟང་རྨད་དུ་བྱུང་བ་དག་ལ་བྱང་པ་ལྟ་ཅི།
དཔེ་ཀློག་ཙམ་ཡང་ཧ་ལམ་བྱེད་མ་མྱོང་བས་ད་ལྟའི་གླེང་བརྗོད་འདི་ཉིད་འབྲི་བའི་འོས་མ་མཆིས་པས།
ཁས་ལེན་མ་ཞུས། འོན་ཀྱང་ཡང་ནས་ཡང་དུ་བཀའ་ནན་ཏན་ཕེབས་པར།
སྤྱིར་གོང་དུ་ཞུས་པ་བཞིན་བྱང་པ་མེད་རུང་ཆུང་བྱིས་པའི་དུས་ནས་བླ་མ་དགེ་བའི་བཤེས་གཉེན་རྣམས་ལས་སྨིན་བྱེད་བཀའ་གཏེར་གྱི་
དབང་ལུང་ཕྲན་བུ་ཐོབ་པའི་བག་ཆགས་དང་། ཕ་རྒན་གྱི་གསུང་འབུམ་དག་ལ་གཞི་བཅོལ་ཏེ་འབྲི་རྒྱུའི་འདུན་པ་གཏད་ཅིང་དང་དུ་བླང་སྟེ་བྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཀྱི་འདབས་ན་ཆགས་པའི་པ་སངས་ཁང་པར་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ཀྱི་ཧོར་ཟླ་དགུ་པའི་དཀར་ཕྱོགས་རྫོགས་པ་དང་པོ་སྟེ།
ཕྱི་ལོ་ ༢༠༡༡ ཟླ་བ་ ༡༠ ཚེས་ ༣༡ རེས་གཟའ་ཉི་མའི་སྔ་དྲོ་ནས་འགོ་བརྩམས་ཏེ།
ཧོར་ཟླ་དགུ་པའི་དཀར་ཕྱོགས་བཟང་བ་གཉིས་པའི་ཉིན་ཏེ་ཕྱི་ཟླ་ ༡༡ ཚེས་ ༢
ཉིན་ཞི་འཚོ་དཔེ་མཛོད་ཁང་དུ་མཇུག་བསྡུས་པ་འདི་ཉིད་བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་མཆོག་སྤྲུལ་རག་རྡོ་རིན་པོ་ཆེ་མཆོག་ལ་ཞུ་དག་ཆེད་སྤྱན་འབུལ་གྱིས་ཕ་རྒན་པདྨས་རྗེས་འབྲངས་པ་རྣམས་ཀྱི་གྲལ་མཐར་འཛིན་པ་འཆལ་པོ་བདེ་ཆེན་རྡོ་རྗེ་ནས་སྤེལ།
དོན་མེད་དོན་ལོག་བཀྲལ་བ་མཐོལ་ལོ་བཤགས།།
གསང་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།།
གཞན་ཡང་ཉེས་ལྟུང་ཅི་མཆིས་མཐོལ་ལོ་བཤགས།།
ཐམས་ཅད་མི་དམིགས་དབྱིངས་སུ་མཐོལ་ལོ་བཤགས།།
No comments:
Post a Comment