Monday, November 10, 2014

༸སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེ་མཆོག་ལ་ཕུལ་པའི་དད་པའི་མངོན་བསྟོད་གཡའ་དག་སེམས་ཀྱི་རང་མདངས་ཞེས་བྱ་བ་བཞུགས་སོ།།

འཕགས་པའི་ཚོགས་ཀུན་སྙིགས་མའི་རང་མདངས་མངོན་པར་འཕྱོ་བའི་དུས་མཐའ་འདིར།།
ཐུགས་རྗེ་ཞུམ་ཚེ་སྨྲ་སེང་གང་ཉིད་ཐུགས་བསྐྱེད་མེ་ལྕེ་ཆེར་བསྲིངས་ཏེ།།
མགོན་མེད་བུ་སློབ་དལ་སར་རྫོང་ལ་སྔོན་གྱི་ཐུགས་དམ་མ་གཡེལ་བར།།
སླར་ཡང་ཀུན་ཏུ་སྲིད་པར་བཟུང་འདིར་རྒྱལ་སྲས་རྣམས་ཀྱིས་བསྔགས་དཔེར་འོས།།

སྙིགས་དུས་རིག་འཕྲུལ་མ་མ་ལས་བཙས་ཕྱི་དངོས་འདུ་ལོང་བུ་ཡུག་གིས།།
སྙིགས་དུས་འགྲོ་བའི་ཚོགས་ཀུན་བཤན་པས་མགོན་མེད་ནོར་ལུག་འདེད་པ་བཞིན།།
སྙིགས་དུས་སྤང་བླང་གནས་སུ་རྨོངས་པའི་མཐུ་སྟོབས་མ་ལུས་ངོམ་དུས་འདིར།།
སྙིགས་དུས་འགྲོ་མགོན་ཐབས་ཤེས་གསར་པས་སྤང་བླང་གནས་ལུགས་བཀྲལ་འདི་མཚར།།
མཁྱེན་པའི་ཡེ་ཤེས་དཔལ་གྱི་མངའ་བདག་མགོན་མཆོག་དམ་པ་གང་ཉིད་ཀྱིས།།
མཁྱེན་ཟོལ་འཛུད་པའི་ཅེ་སྤྱང་ཚོགས་ཀྱི་སྐད་ངན་འཇོམས་ལ་ཆེས་དཔའ་བའི།།
མཁྱེན་པའི་འཇིགས་པ་ཡེ་ནས་མི་མངའ་གངས་སེང་དཀར་མོའི་གད་རྒྱངས་ལྡིར།།
མཁྱེན་པའི་ཁེངས་པ་གཞི་ནས་འཁོར་གསུམ་ཕ་མཐར་བྲལ་འདི་ཨེ་མ་ཧོ།།
བརྩེ་བའི་ཟླ་བྲལ་འཕགས་མཆོག་དམ་པ་ཕྱག་ན་པདྨོར་འགྲན་བཟོད་པའི།།
བརྩེ་བའི་མངའ་བདག་ཕ་གཅིག་གང་གི་དགོངས་དབྱིངས་ཐུགས་རྗེའི་རྭ་བ་ལས།།
བརྩེ་བས་ཕོངས་པའི་བུ་སློབ་ཚོགས་ཀྱི་མ་རིག་ལིང་ཐོག་ཕྱེ་བ་ལ།།
བརྩེ་བས་དགོངས་ཏེ་ཆོས་ཉིད་རིག་པའི་ཡེ་ཤེས་དམ་པ་སྩལ་དུ་གསོལ།།
ཐུབ་བསྟན་རྒྱལ་གསུང་ཉི་ཟེར་འབུམ་ལས་བརྗིད་པའི་བདེ་ཆེན་ལམ་པོ་ཆེར།།
ཐུབ་བསྟན་མཛེས་པའི་རྒྱན་དྲུག་ལ་སོགས་རིས་མེད་འཕགས་བོད་པཎ་གྲུབ་ཀྱིས།།
ཐུབ་བསྟན་གསལ་ལ་དོ་མེད་བསྟན་བཅོས་སྐར་ཚོགས་རྣམ་པར་བཀྲ་བ་ལས།།
ཐུབ་བསྟན་སྙིགས་དུས་བུ་སློབ་ཚོགས་ལ་གཅིག་ཤེས་ཀུན་གྲོལ་གདམས་འདི་རྨད།།
ཆོས་ཀྱི་གཤིས་ལུགས་གདོད་ནས་མི་འགྱུར་སྤྲོས་བྲལ་ཀ་དག་ཆོས་ཀྱི་སྐུ།།
ཆོས་ཀྱི་རོལ་པ་རང་བཞིན་མ་འགག་ཟུང་འཇུག་ལྷུན་གྲུབ་ལོངས་སྤྱོད་སྐུ།།
ཆོས་ཀྱི་ཐུགས་རྗེ་ཕྱོགས་ལྷུང་མཐའ་བྲལ་ཀུན་ཁྱབ་རིག་སྟོང་སྤྲུལ་པའི་སྐུ།།
ཆོས་ཀྱི་སྐུ་གསུམ་མ་ལུས་ཆིག་སྡུད་བདག་ཅག་བུ་སློབ་ལྷ་སྐལ་ཉིད།།
ཐོས་བསམ་སྒོམ་པའི་ལས་ལ་སྐྱེས་སྦྱངས་སྨིན་པས་ཚེགས་མེད་དཔལ་འབར་ཞིང་།།
འཆད་རྩོད་རྩོམ་པའི་གཞན་དོན་བསྒྲུབ་ལ་མཁས་མང་ཚོགས་ཀྱིས་འགྲམ་ཆུ་ལྡང་།།
མཁས་བཙུན་བཟང་གསུམ་རང་དོན་བཙུན་པའི་ཡོན་ཏན་མ་ལུས་ལེགས་གཏམས་ཞིང་།།
མདོར་ན་ལེགས་ཚོགས་རྒྱ་མཚོས་ཕྱུག་པའི་དོན་གྱི་བླ་མ་གང་དེར་འདུད།།
སླར་སྨྲས་པ།
སྐུ་མི་འགྱུར་མཚན་དཔེ་གཟི་བརྗིད་དཔལ་འབར་ཞིང་།།
གསུང་མི་འགག་ཆོས་ཀྱི་དབྱར་རྔ་ཀུན་ཏུ་གྲགས།།
ཐུགས་མི་འགྱུར་ཀ་དག་དབྱིངས་སུ་མཉམ་པར་བཞུགས།།
དུས་ཀུན་ཏུ་འགྱུར་མེད་དབྱིངས་ན་བཞུགས་སུ་གསོལ།།
ཞེས་འཆལ་པོ་སུ་ཁ་མིང་འཛིན་པས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་འདབས་ནས་ ༢༠༡༤། ༡༠། ༢༦ ཉིན་དད་གུས་སྤྲོ་གསུམ་གྱི་ངང་ནས་སྤེལ་བའོ།།

No comments:

Post a Comment