Sunday, April 17, 2011

གནས་ཆེན་སཱར་ནཱཐའི་གནས་བཤད་ཀྱི་རགས་ཟིན་མདོར་བསྡུས།

༄༅། དགེ་ཆོས་ལགས་ཀྱི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་དང་། འདིར་རྒྱ་གར་གནའ་རྫས་རྟོག་ཞིབ་པའི་ཡིག་ཆ་དང༌། དེ་བཞིན་རྒྱའི་བཙུན་པ་ཕཱ་ཧེན་དང༌། ཧུན་ཙང་བཅས་ཀྱི་ལམ་ཡིག དེང་རབས་ཕྱི་རྒྱལ་བས་བྲིས་པའི་ཡིག་ཆ་དང༌། དྲ་རྒྱ་ནས་ཡིག་ཆ་འགའ་ཞིག་ཕབ་བཤུས་དང་དེ་དག་ལ་ཞིབ་བསྡུར་གྱིས་འདིར་རང་སྐད་དུ་རགས་ཟིན་ཞིག་བཏབ་ནས་ཕུལ་ཐུབ་ན་ཕན་པར་རེ་ནས། འདིར་སཱར་ནཱཐའི་གནས་བཤད་རགས་ཟིན་ཞུ་རྒྱུའི་ས་བཅད་ནི།
༡༽       སྤྱིར་གནས་ཆེན་ཁག་ལ་གནས་སྐོར་བྱ་དགོས་དོན་དང་འབྲེལ་བའི་གཏམ།
༢༽       གནས་ཆེན་སཱར་ནཱཐའི་མིང་བྱུང་ཚུལ་དང་འབྲེལ་བའི་གཏམ།
༣༽       གནས་ཆེན་དེའི་ལོ་རྒྱུས་དང་འབྲེལ་བའི་གཏམ།
༤༽      ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་དད་རྟེན་འགའ་ཞིག་དང་འབྲེལ་བའི་གཏམ་བཅས་ས་བཅད་བཞིའི་ལམ་ནས་བཤད་རྒྱུ་ཡིན་པས་དེ་དོན་གསན་པར་འཚལ་ཞེས་ཞུ་རྒྱུ་ཡིན།།

༡༽ སྤྱིར་གནས་ཆེན་ཁག་ལ་གནས་སྐོར་བྱ་དགོས་དོན་དང་འབྲེལ་བའི་གཏམ།

སྤྱིར་ཕྱི་ནང་གཉིས་ཀ་ལ་གནས་སྐོར་བྱ་སྲོལ་ཞིག་ཡོད་པ་ནི་གཅིག་མཚུངས་ལྟར་ལགས་ཀྱང༌། དེ་ལྟར་གནས་སྐོར་བྱ་དགོས་དོན་ཐད་ཕྱི་ནང་གཉིས་གཅིག་མཚུངས་ཡིན་མིན་འདིར་ཁ་མཚོན་གཅོད་དཀའ་ནའང༌། རང་རེ་ནང་པ་སངས་རྒྱས་པ་རྣམས་ཀྱིས་གནས་སྐོར་བྱ་དགོས་དོན་ནི། དགེ་ཆོས་ལགས་ཀྱིས་ཕྲན་ཚེགས་དང་མདོ་གཞན་ལས་ལུང་འདྲེན་པ་ནི། ང་འདས་པའི་འོག་ཏུ་གནས་བཞི་པོ་འདི་དག་ནི་རིགས་ཀྱི་བུ་དང་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོ་བའི་བར་དུ་འགྲོ་བར་བྱ་ཞིང༌། དྲན་པར་འགྱུར་བར་བྱའོ་ཞེས་དང༌། དགེ་སློང་དག་ང་འདས་པའི་འོག་ཏུ་འདིར་མཆོད་རྟེན་བསྐོར་བ་དང༌། མཆོད་རྟེན་ལ་ཕྱག་འཚལ་བ་དག་འོང་གི དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་པ་ནས། ང་ལ་དད་པས་དུས་བྱས་པ་དེ་ཐམས་ཅད་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོའོ་ཞེས་དང༌། ང་མྱ་ངན་ལས་འདས་པའི་རྗེས་སུ། དགེ་སློང་གསར་བུ་འགའ་ཞིག་འོང་ནས། ཁྱོད་ཀྱི་སྟོན་པ་ཇི་འདྲ་ཞེས་འདྲི་ན། དེ་དག་ལ་གནས་བཞི་པོ་འདི་དག་བསྟན་པར་བྱ་སྟེ། ཞེས་གསུངས་པ་ལྟར། སྤྱིར་གནས་ཀྱིས་ཚུར་བྱིན་གྱིས་རླབས་ཚུལ་དང༌། གནས་ལ་ཕར་བྱིན་གྱིས་རླབས་ཚུལ་གཉིས་སུ་ཡོད་པ་ལས། དང་པོ་ནི་རང་འདྲའི་སོ་སོའི་སྐྱེ་བོ་རྣམས་ལ་གནས་ཆེན་ཁག་མཇལ་བའི་ཚེ་གནས་ཀྱི་བྱིན་རླབས་སྒོ་གསུམ་ལ་ཚུར་འཇུག་པ་དང༌། གཉིས་པ་ནི་སྐྱེས་ཆེན་དམ་པ་སངས་རྒྱས་འཕགས་པ་ལྟ་བུ་དག་གིས་གནས་ལ་ཕར་བྱིན་གྱིས་རླབས་པ་ནི། སཱར་ནཱཐ་ལྟ་བུའི་ས་གནས་འདིར་ཆོས་འཁོར་དང་པོ་བསྐོར་བ་དང་དབྱར་གནས་དང་པོ་ཚུགས་པ་སོགས་ཀྱི་མཐུས་གནས་དེ་གནས་དམ་པ་ཞིག་ཏུ་གྱུར་བ་ལྟ་བུའོ།།
 དེ་མིན་དེང་རབས་ཀྱི་ལྟ་ཚུལ་བྱས་ན། གནས་རྙིང་དེ་དག་ལས་སྤྱི་ཚོགས་དང་མི་སྡེའི་དཔལ་ཡོན་གྱི་འགྱུར་འགྲོས་དང༌། སྐབས་དེའི་རིག་གཞུང༌། གོམས་གཤིས། སྒྱུ་རྩལ་སོགས་ཤེས་པ་ལ་ཕན་སྐྱེས་ཆེན་པོ་ཡོད་པ་ཤོད་ཀྱི་ཡོད། ལྷག་པར་ལོ་རྒྱུས་ཉམས་ཞིབ་པ་དག་ལ་གནས་དེ་དག་ལས་ཕན་སྐྱེས་ཞེ་དྲགས་ཡོང་གི་ཡོད་པ་ནི། ཆེས་གསལ་པོ་ཡིན་པས། དེར་རྒྱས་སྤྲོས་བྱེད་དགོས་པ་གང་ཡང་མ་མཐོང༌།
   དེ་ཡང་རྒྱ་གར་འཕགས་པའི་ཡུལ་དུ་གནས་ཆེན་བཞི་འམ་བརྒྱད་ཅེས་བརྩི་སྲོལ་ཡོད་པ་དེ་དག་སོ་སོར་བགྲངས་ན། དང་པོ་གནས་ཆེན་བཞི་ནི། རྡོ་རྗེ་གདན་མངོན་པར་སངས་རྒྱས་པའི་གནས་དང༌། ཝཱ་རཱ་ཎ་སི་ཆོས་འཁོར་བསྐོར་བའི་གནས། ལུམ་བི་ནི་སྐུ་འཁྲུངས་པའི་གནས། རྩ་མཆོག་གྲོངས་མྱ་ངན་ལས་འདས་པའི་གནས་བཅས་སོ། གཉིས་པ་གནས་ཆེན་བརྒྱད་ནི། དང་པོ་བཞིའི་སྟེང་དུ། ནཱལན་དཱ་དང༌། མཉན་ཡོད། ཤང་ཁི་ས། རྒྱལ་པོའི་ཁབ་བཅས་བརྒྱད་དོ།། དེ་དག་ནི་མདོ་ཕྱོགས་ནས་གསུངས་པ་ཙམ་ལས་གཞན་དུ་སྔགས་ཕྱོགས་སྐབས་འབྲས་སྤུངས་དང༌། དེ་ཝི་ཀོ་ཊ་སོགས་གནས་འདྲ་མིན་བརྗོད་ལས་འདས་པ་ཞིག་ཡོད།
    དེ་ལྟར་གནས་ཆེན་གནས་ཕྲན་སྣ་ཚོགས་ཤིག་ཡོད་ནའང༌། འདིར་ཞུ་བར་བྱ་བ་ནི་སཱར་ནཱ་ཐའི་གནས་བཤད་ལགས་པས། འདི་ནི་གནས་ཆེན་ཡིན་ཚུལ་མདོར་ཙམ་གོང་དུ་ཞུས་ཟིན་པ་དང༌། སྤྲོས་བཤད་ཕྲན་བུ་ཞིག་གཤམ་དུ་གནས་ཆེན་དེའི་ལོ་རྒྱུས་དང་འབྲེལ་ནས་ཞུ་རྒྱུ་ལགས་པས་འདིར་ཟློས་སྐྱོན་ཡོང་བར་དྭོགས་ནས་བཞག་པའོ།།

༢༽         གནས་ཆེན་སཱར་ནཱ་ཐའི་མིང་ཐོགས་ཚུལ་སོགས་དང་འབྲེལ་བའི་གཏམ།

སཱར་ནཱཐ་ལ་རི་དྭགས་ཀྱི་ནགས་དང༌། དྲང་སྲོང་ལྷུང་བ། སརཾ་ནཱཐ། རི་དྭགས་མགོན། ཞེས་མིང་གི་རྣམ་གྲངས་མི་འདྲ་བ་ཡོད་པ་དེ་དག་གི་ཐོགས་ཚུལ་ནི། དང་པོ་རི་དྭགས་ནགས་ཀྱི་སྐད་དོད་དུ། མྲིག་དཱབ་འམ་མྲིག་བཱཊིཀཱ། མྲིག་ཝན་ཞེས་བྱ། དེ་ལྟར་བྱ་དགོས་དོན་ཡང༌། རྒྱ་ཡི་བཙུན་པ་ཧུན་ཙང་གིས་ལམ་ཡིག་ལས་གསུངས་པ་དག་མདོར་བསྡུས་ནས་བརྗོད་ན། སྔར་ཕྱོགས་འདི་ཡོངས་རྫོགས་ནགས་ཚལ་སྟུག་ཅིང༌། དེའི་ནང་རི་དྭགས་རྣམས་འཚོ་སྡོད་བྱེད་བཞིན་པའི་སྐབས་དེར་ཡུལ་དེའི་རྒྱལ་པོ་ཁྱི་རྭ་བརྒྱབ་པར་ཆས་པ་ན། རིམ་པས་རི་དྭགས་དེ་དག་གི་རྒྱལ་པོར་བྱང་ཆུབ་སེམས་དཔའ་རི་དྭགས་ཀྱི་གཟུགས་སུ་བརྫུས་པ་ཞིག་ཡོད་པ་དེས། ཡུལ་གྱི་རྒྱལ་པོ་ལ་གསལ་བཤད་དང་རེ་འབོད་སོགས་བྱས་པ་ལས་རྒྱལ་པོ་རང་ཉིད་སྔར་བྱས་ལ་འགྱོད་དེ། ཕྱིན་ཆད་ནགས་དེའི་ནང་ཡོད་པའི་རི་དྭགས་རྣམས་ལ་འཚེ་བ་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་བ་དང༌། དེ་བཞིན་ནགས་དེ་རི་དྭགས་དེ་དག་རྣམས་ལ་སྦྱིན་པ་ནས་བཟུང་ནགས་དེར་རི་དྭགས་ཀྱི་ནགས་ཞེས་  གྲགས་པར་གསལ། དེས་ན་རི་དྭགས་རྒྱལ་པོ་བྱང་ཆུབ་སེམས་དཔའི་གཏམ་རྒྱུད་དེ་ནི་ཇི་ཙམ་ཞིག་གནས་ལུགས་དང་མཐུན་མིན་མི་ཤེས་ཀྱང༌། ལོ་རྒྱུས་སྨྲ་བ་དག་གིས་རྒྱའི་བཙུན་པར་གཙིགས་ཆེར་བྱས་པ་བཞིན་ཕྲན་ནས་ཀྱང་ཁོང་གི་ཡིག་ཆར་གསལ་བ་རྣམས་འདིར་བཀོད་པའོ།།
 གཉིས་པ་དྲང་སྲོང་ལྷུང་བ་ཞེས་པའི་སྐད་དོད་ལེགས་སྦྱར་སྐད་དུ་རྀཤི་པཏན་དང༌། པཱ་ལིའི་སྐད་དུ་ཨི་སི་པཏན་ཞེས་བྱ་བ་དེའི་ཐོགས་ཚུལ་ནི། སྔར་ནགས་འདིར་དྲང་སྲོང་ལྔ་བརྒྱའམ། རང་སངས་རྒྱས་ལྔ་བརྒྱ་ཡོད་པར་གྲགས། སྐབས་དེར་སྟོན་པ་འཇིག་རྟེན་དུ་སྐུ་བལྟམས་ལ་ཉེ་བའི་གཏམ་དེ་ལྷ་རྣམས་ཀྱིས་དེ་དག་ལ་སྒྲོགས་པས། དེ་དག་ཐམས་ཅད་ནམ་མཁར་ལྡིང་ཞིང་ཞི་བར་གྱུར་ཅིང༌། དེ་དག་གི་རིང་བསྲེལ་དག་སར་ལྷུང་བས་ན། དྲང་སྲོང་ལྷུང་བ་ཞེས་གྲགས་སོ།།
 དེས་ན་སྐབས་འདིར་གསལ་བཤད་ཞུ་དགོས་པ་ཞིག་ནི། རང་རེའི་གཏམ་བཤད་ཀྱི་བརྗོད་གཞིར་༼དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་ཀྱི་གནས་བཤད།༽ ཅེས་འཁོད་འདུག་པ་དེ་ཅུང་མི་འཚམས་པར་སེམས། གང་ལགས་ཞེ་ན། དེ་དཀྱུས་གཅིག་ཏུ་བཀླགས་ན་མིང་གཅིག་ལྟ་བུ་ལས་མི་གོ་བས། དེ་གཉིས་ནི་གོང་དུ་ཞུས་པ་བཞིན་གོ་དོན་མི་འདྲ་བ་ཡོད་པས་སོ་སོར་འབྲི་དགོས། ཡང་ན་གལ་ཏེ་དེ་གཉིས་དཀྱུས་གཅིག་ཏུ་སྡུད་པར་འདོད་ན་འབྱེད་སྡུད་ཀྱི་ཕྲད་སྦྱར་ནས་བསྡུས་ན་འཚམས་པ་ཡོད། དཔེར་ན། དྲང་སྲོང་ལྷུང་བའམ་རི་དྭགས་ཀྱི་ནགས་ཞེས་བྲིས་ན་འཐད་པར་སེམས་སོ།།
 གསུམ་པ་སརཾནཱཐ་ཞེས་པའི་དོན་བོད་སྐད་དུ་བསྒྱུར་ན་རི་དྭགས་མགོན་ཞེས་བརྗོད་དགོས། དེའི་ཐོགས་ཚུལ་ནི་སྤྱིར་གསལ་ཁ་གང་ཡང་མ་མཐོང་རུང༌། ངག་སྒྲོས་ལ་བལྟས་ན་སྔར་འདིར་ལྷ་མོ་ཨུ་མའི་གཅེན་གཅུང་གང་ཡིན་མ་ངེས་ཀྱང་མཚན་ལ་སརཾ་ནཱཐ་བྱ་བའི་གཉེན་ཞིག་ཡོད་པ་དེ་འདིར་ཡུན་རིང་བཞུགས་པ་ལས། དེའི་མཚན་ཡུལ་ལ་ཚུར་ཐོགས་པར་བཤད་ཀྱང༌། རང་ཉིད་ལྟ་བུར་མཚོན་ན། དེ་ལྟར་མིན་པར་གོང་དུ་རི་དྭགས་ཀྱི་ནགས་ཞེས་པའི་ཐོགས་ཚུལ་སྐབས་ཀྱི་གཏམ་རྒྱུད་དང་འབྲེལ་ཆེ་བར་མཐོང༌། ཇི་ལྟར་ཞེ་ན། རི་དྭགས་དེ་དག་སྲོག་གི་འཇིགས་པ་ལས་བྱང་ཆུབ་སེམས་དཔའ་རི་དྭགས་རྒྱལ་པོའི་ཚུལ་འཛིན་པ་དེས་སྐྱབས་སམ་མགོན་བྱས་པའི་གནས་ཡིན་པས་ན། རི་དྭགས་མགོན་ཞེས་ཐོགས་པར་སྙམ།
  བཞི་པ་སཱར་ནཱཐ་ནི། གོང་གསལ་སརཾ་ནཱཐ་བྱ་བ་ལས་ཟུར་ཆག་པའོ།།  ཞེས་དྲྭ་རྒྱའི་ནང་གསལ་བ་དེ་འཐད་པར་མཐོང༌། གང་ལགས་ཞེ་ན། སཱར་ནཱཐ་ཞེས་པའི་མིང་དེ་ཡིག་རྙིང་དག་ན་རྙེད་པར་དཀོན་པ་དང༌། ཕྱིས་ཀྱི་ཡིག་ཆ་དག་ན་མང་བར་མཐོང་བ་སོགས་ལ་གཞིགས་ཚེ་ཐ་སྙད་རྙིང་པ་ཞེ་དྲགས་མིན་པ་དང༌། གཉིས་ནས་སཱར་ནཱཐ་ཞེས་པ་དེ་སརཾ་ནཱཐ་ཞེས་པའི་སྒྲ་ཉམས་པ་ལས་བྱུང་བ་མ་གཏོགས་གཞན་དུ་རྒྱུ་མཚན་ཡང་དག་བཤད་རྒྱུ་ནི་རྙེད་པར་དཀའ་བའི་རང་བཞིན་དུ་ཟད་དོ།།

༣༽ གནས་ཆེན་སཱར་ནཱཐའི་ལོ་རྒྱུས་དང་འབྲེལ་བའི་གཏམ།

༡། གནས་དེའི་ས་བབ་ཆགས་ཚུལ།
༢། སྟོན་པ་ཞལ་བཞུགས་པའི་སྐབས་ཀྱི་གནས་སྟངས།
༣། སྟོན་པ་མྱ་ངན་ལས་འདས་པའི་འོག་གི་གནས་སྟངས།
༤། ཕྱིས་སུ་ས་འོག་ནས་འཚོལ་རྙེད་བྱེད་ཚུལ།

༡། གནས་དེའི་ས་བབ་ཆགས་ཚུལ།

སཱར་ནཱཐ་བྱ་བའི་ཡུལ་གྲོང་དེའི་ས་བབ་ཆགས་ཚུལ་ཐད་རྒྱའི་བཙུན་པ་ཕ་ཧིན་གྱི་ལམ་ཡིག་ལས། ཆུ་མོ་གངྒཱའི་ངོགས་སུ་ཆགས་པའི་ཝཱ་རཱ་ཎ་སི་གྲོང་ཁྱེར་ནས་ནུབ་བྱང་མཚམས་ཀྱི་ཕྱོགས་སུ་ལི་བཅུའི་སར་ཆགས་  ཞེས་གསུངས་པ་དང༌། དེ་བཞིན་ཧུན་ཙང་གི་ལམ་ཡིག་ལས་རྒྱང་ཚད་དག་གོང་བཞིན་གསལ་ཡང༌། གྲོང་ཁྱེར་ནས་ཁ་ཕྱོགས་བརྗོད་པའི་ཚེ་མི་འདྲ་བར་བྱང་ཤར་མཚམས་ཞེས་གསུངས།
   གོང་གསལ་དེ་དག་ཡིག་རྙིང་དག་ལས་བྱུང་བ་ཡིན་པ་འདིར་ཟུར་བཏོན་ཙམ་བྱས་ཁུལ་ལགས། དེང་གི་ཆར་ལྟར་ན་སཱར་ནཱཐ་དེ་ཝཱ་རཱ་ཎ་སི་གྲོང་ཁྱེར་ནས་བྱང་ཤར་མཚམས་སུ་ཀི་ལོ་མི་ཊར་བཅུ་གསུམ་གི་སར་ཆགས་ཡོད་པ་དང༌། དེར་ཚ་དྲོད་ཆེ་ཤོས་ ༤༥ ཙམ་དང༌། ཆུང་ཤོས་ ༢༠ ཡས་མས་ཙམ་སྡོད་ཀྱི་ཡོད།

༢། སྟོན་པ་ཞལ་བཞུགས་པའི་སྐབས་ཀྱི་གནས་སྟངས།

སྟོན་པ་ཐུབ་པའི་དབང་པོ་དེ་ཉིད། རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་བདུན་གྱི་རྗེས་ལ་དྲང་སྲོང་ལྷུང་བའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་ནས་འདིར་འབྱོར་མཚམས་འཁོར་ལྔ་སྡེ་དང་ཕྲད་ཅིང༌། དེ་དག་ལ་ཆོས་འཁོར་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བ་དང༌། སྤྱིར་སངས་རྒྱས་ཀྱིས་སྐུ་ཚེ་ཧྲིལ་པོའི་རིང་དབྱར་གནས་ཐེངས་ ༤༠ མཛད་པ་ལས་དབྱར་དང་པོ་དེ་ཡང་འདིར་མཛད། དགེ་འདུན་ཀྱི་སྡེ་ཡང་ཐོག་མར་གནས་འདིར་བསྡུས་སོ།།
 དབྱར་གནས་གཉིས་པ་ནི་འདིར་ཡོད་དྲི་བཟང་ཁང་གི་གཙུག་ལག་ཁང་དུ་མཛད་པ་དང༌། སྐབས་དེར་དགེ་འདུན་ ༦༠ ཙམ་ལོངས་པས་ཐུབ་པས་དེ་དག་ཡུལ་གཞན་དང་གཞན་དུ་ཆོས་འཆད་ཉན་སླད་བཏང་བར་མཛད་པར་གྲགས་སོ།།
༣། སྟོན་པ་མྱ་ངན་ལས་འདས་པའི་འོག་གི་གནས་སྟངས།

སྟོན་པ་གཤེགས་པའི་རྗེས་ལ་ནང་པའི་བསྟན་པ་འཕེལ་རྒྱས་རྒྱ་ཆེར་བྱུང་བའི་རྐྱེན་རྩ་གཙོ་བོ་ཞིག་ནི། གྲོང་ཁྱེར་ཝཱ་རཱ་ཎ་སིའི་ཉེ་འཁོར་གྱི་ཚོང་པ་དང་རྒྱལ་པོ་རྣམས་ཀྱིས་ཡོན་བདག་ཤུགས་ཆེར་མཛད་པ་ལས་བྱུང་བ་དང༌། ལྷག་པར་ཕྱི་ལོ་བརྒྱ་ཕྲག  པའི་ནང་རི་དྭགས་ཀྱི་ནགས་དེ་སྒྱུ་རྩལ་གྱི་བསྟི་གནས་ཆེན་པོ་ཞིག་ཏུ་གྱུར། གུཔྟའི་རྒྱལ་བརྒྱུད་བརྒྱ་ཕྲག   ༦སྐབས་གནས་འདིར་སྒྱུ་རྩལ་གྱི་གནས་ཚད་རྩེ་མོར་སོན་པའི་སྐབས་ཡིན་པ་ནི། ཧུན་ཙང་གི་ལམ་ཡིག་ནང་རི་དྭགས་ནགས་ཀྱི་གཙུག་ལག་ཁང་དེ་ནམ་མཁའི་མཐོངས་ལ་རེག་པ་འདྲ་བའི་བརྗིད་ཉམས་ལྡན་པ་དང༌། དེར་ཐེག་དམན་གྱི་དགེ་འདུན་ ༡༥༠༠ ཙམ་སློབ་གཉེར་གནས་མུས་སུ་ཡོད་པར་གསུངས་པ་དང༌། གཞན་ཡང་དེ་ཉིད་ལས་གནས་དོན་རྒྱས་པར་བཀོད་པ་དེ་དག་བསྡུས་ཏེ་བཀོད་ན། གཙུག་ལག་ཁང་དང་མཆོད་རྟེན་ཁག་མི་འདྲ་བ་ ༣༠ ཙམ་མཇལ་རྒྱུ་བྱུང་བ་དང༌། དགེ་འདུན་པ་ ༣༠༠༠ བཞུགས་ཡོད་པར་  གསུངས་པ་བཅས་ལ་བལྟས་ཚེ། འདིར་དུས་ནས་དུས་སུ་ནང་པའི་བསྟན་པ་དང་སྒྱུ་རྩལ་འཕེལ་རྒྱས་ཤུགས་ཆེར་ཕྱིན་པ་མཚོན་ཐུབ། དེས་ན་གནས་འདིར་ཐོག་མར་ཐེག་དམན་ཁོ་ན་དར་བ་ལ་རྩོད་མེད་ལགས་ཀྱང༌། ཕྱིས་སུ་ཐེག་ཆེན་དང་ལྷག་པར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་དར་བར་ཚོད་དཔག་བྱེད་ནུས་པ་ནི། ཕྱིས་སུ་ས་གཞི་བསྔོག་འདོན་སྐབས། ཧེ་རུ་ཀ་དང༌། རྗེ་བཙུན་སྒྲོལ་མའི་སྐུ་བརྙན་སོགས་ཀྱང་ཐོན་ཡོད་པ་དེ་དག་ད་ལྟ་འགྲེམས་སྟོན་ཁང་ནང་བཞུགས་ཡོད། མཐར་དུས་རབས་ ༡༢ པའི་མཇུག་ཏུ་ཁ་ཆེའི་ཏུར་ཀི་དམག་གིས་གཙུག་ལག་ཁང་ཆ་ཚང་ཤུལ་མེད་དུ་གྱུར་བར་བྱས་པར་གྲགས།

༤། ཕྱིས་སུ་ས་གཞི་བསྔོག་འདོན་བྱེད་ཚུལ།

གོང་དུ་ཞུས་པ་བཞིན། ཁ་ཆེའི་དམག་གི་རྐྱེན་པས་རི་དྭགས་ཀྱི་ནགས་དེ་བརྒྱ་ཕྲག ༡༣ ནས་ ༡༧ མཇུག་བར་ས་འོག་ཏུ་ཐིམས་ནས་ཤུལ་མེད་དུ་གྱུར་ཀྱང༌། ཕྱི་ལོ་ ༡༧༩༤ ལོར་བཱབུ་ཇགཏ་སིངྷ་བྱ་བས་རང་ཁྱིམ་བཟོ་སྐྲུན་ཕྱིར་འཁོར་གཡོག་རྣམས་ལ་རི་དྭགས་ཀྱི་ནགས་ཀྱི་ཕྱོགས་སུ་ས་འདྲུ་རྒྱུའི་བཀའ་བཏང་བ་བཞིན། དེ་དག་གིས་དེ་ནས་སོ་ཕག་དང་རྡོ་རིགས་འོར་ནས་བཟོས་པའི་ཁྱིམ་དེ་ད་ལྟའང་ཡོད་པས་དེ་ལ་ཇགཏ་གཾཇ་ཞེས་ཟེར། སྐབས་དེར་ས་འདྲུ་བའི་སྐབས་ས་འོག་ནས་རྡོ་སྒམ་ཞིག་ལག་སོན་བྱུང་བ་དེའི་ནང་རིན་པོ་ཆེ་དང་དར་ལ་དྲིལ་བའི་སངས་རྒྱས་རིང་བསྲེལ་ཐོན་པ་ན། རིང་བསྲེལ་ཆ་ཚང་ཆུ་མོ་གངྒཱར་འབོར་ཞིང༌། ཕྱིས་སུ་རྡོ་སྒམ་དེ་བཱ་བུ་དེའི་ས་ནས་ཀ་ལི་ཀ་ཏའི་འགྲེམས་སྟོན་ཁང་དུ་གདན་ཞུས་ཀྱིས་ད་བར་ཉར་ཚགས་བྱས་ནས་བཞུགས་ཡོད་པ་དེ་ལགས་སོ། ད་ལྟའི་ས་འདྲུ་སའི་ཕྱོགས་འདི། ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་དྷརྨ་རཇི་ཀཱ་བྱ་བ་དེ་ཡིན་པས་གཞི་མ་གཞུང་སྒེར་རྣམས་ནས་དེའི་ཕྱོགས་ལ་དོ་སྣང་ལྟ་བུ་སླེབས་འགོ་ཚུགས་ཏེ། སྐབས་འབྲེལ་དབང་ལྡན་འགན་འཛིན་ཌེཀན་(Daken)གྱིས་ ༡༧༩༨ ལོར་གནས་ཚུལ་ཁྱབ་སྤེལ་བྱས་པའི་རྗེས་སུ་ཀར་ནལ་མཀེན་ཇི་(Karnal Makenji)བྱ་བས་དེར་ས་གཞི་བསྔོག་འདོན་བྱས་པ་ལས། སྐུ་འདྲ་འགའ་ཞིག་རྙེད་སོན་བྱུང་བ་དེ་ད་ལྟ་ཀ་ལི་ཀ་ཏའི་འགྲེམས་སྟོན་ཁང་དུ་བཞུགས་ཡོད། དེ་རྗེས་ཕྱི་ལོ་ ༡༨༣༦ ལོར་ཨལེཀ་ཛྷེནྜར་ཀ་ནིགྷམ་གྱིས་ཀྱང་བསྔོག་འདོན་བྱས་པ་ལས། ཅཽ་ཁཎྜི་མཆོད་རྟེན་དང༌། དྷ་མེཀ་མཆོད་རྟེན། གཙུག་ལག་ཁང་གཅིག ལྷ་ཁང་གཅིག་དང་ལྷན་དུ་སྐུ་འདྲ་དང་དངོས་རྫས་རྙིང་པ་དུ་མ་ཞིག་རྙེད་སོན་བྱུང་བ་དེ་དག་ད་ལྟ་ཀ་ལི་ཀ་ཏའི་འགྲེམས་སྟོན་ཁང་དུ་བཞུགས་ཡོད་པར་གྲགས།
 ༡༨༥༡-༥༢ ལོར་དམག་དཔོན་ཀི་ཊ྄ཊོ་བྱ་བས་དྷ་མེཀ་མཆོད་རྟེན་ཉེ་འཁོར་གྱི་ས་ཁུལ་དུ་བསྔོག་འདོན་བྱེད་པའི་ཚེ། ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་དང༌། འདམ་སེང་ལས་རྟགས། བྱང་ཆུབ་སེམས་དཔའི་སྐུ་བརྙན་ཆེ་བ་ཞིག  གདུགས། དེ་བཞིན་འཚར་དུ་དངར་བའི་ཆོས་འཁོར་ཕྱག་རྒྱ་ཅན་གྱི་སྟོན་པའི་སྐུ་བརྙན། དྷརྨ་རཇི་ཀཱའི་མཆོད་རྟེན། ཆོས་འཁོར་གཙུག་ལག་ཁང་བཅས་རྙེད་སོན་བྱུང་བ་དང༌། དེ་དང་ཞོར་དུ་གནའ་རྫས་དང་སྐུ་འདྲ་ཆག་གྲུམ་སོགས་དུ་མ་རྙེད་པ་དེ་དག་ཉར་ཚགས་སླད་དུ་ཆེད་མངགས་སཱར་ནཱཐའི་མཆོད་རྟེན་རྒྱལ་སྒོའི་མདུན་གྱི་འགྲེམས་སྟོན་ཁང་དེ་ཕྱི་ལོ་ ༡༩༡༠ ལོར་འཛུགས་སྐྲུན་བྱས་པ་དེའི་ནང་བཞུགས་པའི་གནའ་རྫས་གཙོ་གྲས་ནི། མྱ་ངན་མེད་རྡོ་རིང་གི་འདམ་སེང་གཟུགས་ཅན་མའི་ལས་ཐམ་དང༌། བྱང་ཆུབ་སེམས་དཔའི་སྐུ་འདྲ། གདུགས། སྟོན་པའི་སྐུ་བརྙན་འདྲ་མིན། རྫ་སྣོད། རྡོ་བརྐོས་ཡི་གེ་སོགས་ཡིན་ནོ།།

༤༽ ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་དད་རྟེན་འགའ་ཞིག་དང་འབྲེལ་བའི་གཏམ།

གོང་དུ་ས་གཞི་བསྔོག་འདོན་དང་འབྲེལ་བའི་གཏམ་གྱི་སྐབས་སུ་ཞུས་པ་བཞིན། སྐབས་དེར་བསྔོག་འདོན་བྱས་འབྲས་སུ་བྱུང་བའི་གཙོ་གྲས་སུ་མཆོད་རྟེན་གཉིས་དང༌། གཙུག་ལག་ཁང་གསུམ། ཨཤོ་ཀའི་རྡོ་རིང་དང་རྡོ་རིང་སྟེང་གི་རྒྱལ་རྟགས་སེང་གེ གདུགས་བཅས་རྙེད་སོན་བྱུང་བ་དེ་དག་གི་སྐོར་དང༌། ཅཽཁཎྜི་མཆོད་རྟེན་བཅས་ཀྱི་ངོ་སྤྲོད་རེ་ཞུ་བ་ལ།

དང་པོ། དྷམེཀ་མཆོད་རྟེན་ནི།

ཕྱི་ལོ་བརྒྱ་ཕྲག་དྲུག་པའི་ནང་བཞེངས་པའི་མཆོད་རྟེན་སྔར་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཕྱི་ལོ་སྔོན་གྱི་ལོ་ ༢༤༩ ནང་བཞེངས་པ་དག་ལ་གཞིར་བྱས་ཏེ་བཞེངས་པ་ཞིག་ཡིན་པ་དང༌། རྒྱ་གར་བའི་གནའ་རབས་བཟོ་བཀོད་ཉམས་ཞིབ་པ་དག་གིས་སྟོན་པས་འཁོར་ལྔ་སྡེ་ལ་ཆོས་འཁོར་དང་པོ་བསྐོར་བའི་གནས་ཡིན་པར་བཤད་ཀྱང༌། ཧུན་ཙང་ལམ་ཡིག་ལས། རྡོ་རིང་ཡོད་པའི་གཞི་དེར་ཐུབ་པས་ཆོས་འཁོར་གསུང་འགོ་ཚུགས་པར་གསུངས་པས་དངོས་པོའི་གནས་ཚུལ་གང་ཡིན་ད་ལྟའང་དཔྱད་གཞི་ཡིན། དེ་བཞིན་མཆོད་རྟེན་དེའི་རིང་ཚད་ཐད་དྲྭ་རྒྱའིཐད་མི་འདྲ་བར་གསལ་ཡང༌། ད་ལྟའི་དངོས་སུ་བཞུགས་པ་དེའི་མཐོ་ཚད་ནི། མི་ཊར་ ༤༣ དང༌། སྒོར་ཚད་ལ་མི་ཊར་ ༢༨ ཡོད་དོ།

གཉིས་པ། དྷརྨ་རཇི་ཀཱའི་མཆོད་རྟེན་ནི།

ཆོས་རྒྱལ་མྱ་ངན་མེད་ཀྱི་གོང་ན་བཞེངས་པའི་མཆོད་རྟེན་ཞིག་ཡིན་པ་དང༌། ཕྱིས་སུ་དུས་རབས་ ༡༨ པའི་ནང་གོང་དུ་ཞུས་པ་བཞིན་ས་གཞི་བསྔོག་འདོན་སྐབས་སྟོན་པའི་རིང་བསྲེལ་ཐོན་པ་ན། རིང་བསྲེལ་དེ་དག་ཝཱ་རཱ་ཎ་སིའི་ཆུ་མོ་གངྒཱར་འབོར་ཟིན་ཀྱང༌། རིང་བསྲེལ་བཞུགས་སྣོད་ཀྱི་རྡོ་སྒམ་དེ་ད་ལྟ་ཀ་ལི་ཀ་ཏའི་འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད། འོན་ཀྱང་ཧུན་ཙང་ལམ་ཡིག་ལྟར་ན། མཆོད་རྟེན་དེ་མྱ་ངན་མེད་ཀྱིས་བཞེངས་པར་བཞེད་ཀྱི་མེད་དམ་སྙམ། གང་ལགས་ན། ཁོང་གི་ལམ་ཡིག་ལས་གཙུག་ལག་ཁང་གི་ནུབ་མཚམས་སུ་མྱ་ངན་མེད་ཀྱིས་རྡོ་ཡི་མཆོད་རྟེན་བཞེངས་པ་ཞིག་འདུག་རུང༌། དེ་ད་ལྟ་ཞིག་ཧྲུལ་དུ་གྱུར་ཀྱང་དེའི་མཐོ་ཚད་ཕི་ཊི་ ༡༠༠ ལྷག་ཙམ་ཡོད་པ་དང༌། དེའི་མདུན་དུ་མྱ་ངན་མེད་ཀྱི་རྡོ་རིང་མཐོ་ཚད་ཕི་ཊི་ ༧༠ ཅན་ཞིག་ཡོད་པར་གསུངས། དེས་ན་མཆོད་རྟེན་དེ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་མིན་ཇི་ལྟར་ཡང༌། ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་ནས་ཡོད་པའི་མཆོད་རྟེན་བྱིན་ཅན་ཞིག་ལགས་སོ།

གསུམ་པ། ཨ་ཤོ་ཀའི་རྡོ་རིང་དང་དེ་སྟེང་གི་འདམ་སེང་སྐོར་ནི།

ཨ་ཤོ་ཀའི་རྡོ་རིང་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཕྱི་ལོ་སྔོན་གྱི་ལོ་ ༢༥༠ ཙམ་ལ་བཞེངས་པ་ཞིག་ཡིན། དེའི་མཐོ་ཚད་ནི་གོང་དུ་ཞུས་པ་བཞིན་རྒྱ་བཙུན་ཧུན་ཙང་དང་སུ་ཡེན་གཉིས་ཀྱིས་ཕི་ཊི་  ༧༠  གསུངས་སོ། །རྡོ་རིང་སྟེང་གི་སེང་གེ་དེ་ནི་ཆོས་རྒྱལ་མྱ་ངན་མེད་དབང་སྒྱུར་བྱེད་སའི་ཡུལ་འཁོར་གྱི་རྒྱལ་རྟགས་ལགས་ཤིང༌། རྒྱལ་རྟགས་དེའི་བཟོ་དབྱིབས་སེང་གེ་བཞི་པོ་ཕྱོགས་བཞིར་ཁ་བསྟན་པ་དང༌། དེའི་འོག་ཏུ་མྱ་ངན་མེད་ཀྱི་འཁོར་ལོ་རྩིབས་ ༢༤ ཅན་ཞིག་ཡོད་པ་དེའི་འོག་ཏུ་པདྨ་དང་གཞི་མ་རྡོ་རིང་དང༌། དེའི་སྟེང་ལ་དགེ་འདུན་དབྱེན་སྡུམ་པའི་བཀའ་ཁྲིམས་ཤིག་བྷརྨི་ལི་པི་ ཡིག་གཟུགས་སྟེང་རྡོ་བརྐོས་བྱས་ཡོད། ལར་ནས་ཆོས་རྒྱལ་དེའི་རྡོ་རིང་རྣམས་གནས་ཆེན་ཁག་ལ་འཛུགས་ཡོད་པ་དེ་དག་ད་ལྟའང་དངོས་སུ་བཞུགས་ཡོད། རྡོ་རིང་དེས་དེང་དུས་ཉམས་ཞིབ་པ་ཚོར་གནས་གཞི་ངོ་སྤྲོད་རྒྱུ་སོགས་ལ་ཕན་རླབས་བྱུང་དང་འབྱུང་མུས་ཡིན། དེ་བཞིན་སེང་གེ་འདི་ད་ལྟ་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་རྟགས་མཚོན་དོན་དུ་བྱས་པ་དང༌། འཁོར་ལོ་དེ་ནི་རྒྱ་གར་རྒྱལ་དར་གྱི་དབུས་སུ་བཞག་ཡོད་པ་བཅས་སོ།

བཞི་པ། གདུགས་ནི།

ད་ལྟ་སཱར་ནཱཐའི་འགྲེམས་སྟོན་ཁང་དུ་བཞུགས་ཡོད་པ་དེ་ཉིད་ཡིན། དེ་ལ་རྡོ་བརྐོས་རི་མོའི་སྒྱུ་རྩལ་གྱི་ལམ་ནས་བཟོ་བཀོད་སྤུས་ལེགས་བྱས་པ་ཞིག་ཡོད། ཡིག་ཆ་འགའ་ཞིག་ཏུ། དེ་ནི་རི་དྭགས་ནགས་ཀྱི་གཙུག་ལག་ཁང་དུ་འཚར་དུ་དངར་བའི་ཐུབ་པའི་སྐུ་བརྙན་ཆོས་འཁོར་གྱི་ཕྱག་མཚན་ཅན་ཞིག་ཡོད་པ་དེའི་གདུགས་ཡིན་པར་གྲགས་ཀྱང༌། དོན་དུ་གདུགས་དེ་ནི་ཨཤོཀའི་རྡོ་རིང་སྟེང་གི་གདུགས་དེ་ཡིན་པར་འདུག་གོ།

ལྔ་པ། ཅཽ་ཁཎྜི་མཆོད་རྟེན་ནི།

མཆོད་རྟེན་དེའི་མཐོ་ཚད་ལ་ཕི་ཊི་ ༧༤ དང་མཐའ་འཁོར་རིང་ཚད་ལ་ཕི་ཊི་ ༩༠ ཡོད། དེ་ལ་ཟུར་བཞི་ཡོད་པར་བརྟེན་དེ་ལྟར་མིང་ཐོགས་པར་གྲགས། དེ་བཞིན་ལོ་རྒྱུས་ཐོག་ནས་བལྟས་ན། སྟོན་པ་ཐུབ་པའི་དབང་པོ་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་ཞེ་དགུའི་རྗེས་སུ། ཝཱ་རཱ་ཎ་སིའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་བའི་མཚན་དང་པོ་དེ་དེར་བཞུགས་པ་དང༌། དེ་བཞིན་འཁོར་ལྔ་སྡེ་དང་ཐོག་མར་དེར་མཇལ་འཕྲད་བྱུང་བར་གྲགས་སོ།

དྲུག་པ། དྲི་བཟང་ཁང་གི་གཙུག་ལག་ཁང་ནི།

སྟོན་པ་འདིར་བྱོན་ནས་དབྱར་དང་པོ་དེ་ཉིད་གཙུག་ལག་ཁང་དེའི་ནང་དུ་མཛད་པར་གྲགས། གཙུག་ལག་ཁང་དེ་ནི་ཨ་ཤོ་ཀའི་རྡོ་རིང་ཡོད་སའི་མདུན་རང་ན་ཡོད། ཧུན་ཙང་གི་ལམ་ཡིག་ལྟར་ན། གཙུག་ལག་ཁང་དེའི་མཐོ་ཚད་ལ་ཕི་ཊི་ ༢༠༠ དང༌། དེར་དགེ་འདུན་པ་ ༡༥༠༠ ཙམ་ཐེག་པ་དམན་པའི་ལྟ་གྲུབ་ལ་སློབ་གཉེར་གནང་སྟེ་རྒྱུན་དུ་བཞུགས་ཤིང༌། དེའི་ནང་སྟོན་པའི་སྐུ་ཚད་དང་མཉམ་པའི་ཆོས་འཁོར་ཕྱག་མཚན་གྱི་ཟངས་སྐུ་ཞིག་ཡོད་པར་ གསུངས་པའི་གཙུག་ལག་ཁང་དེ་ཉིད་ཡིན་ཞིང༌། གཞན་གཉིས་ཀྱི་གནས་ཚུལ་ཞིབ་ཕྲ་ཞིག་འདིར་ཞུ་རྒྱུ་མ་ཐོབ་པས་ཁྱེད་རྣམ་པས་དཔྱད་པར་འཚལ།

བདུན་པ། བྱང་ཆུབ་ཤིང་གི་སྐོར་ནི།

ད་ལྟ་འདིར་སྟོན་པ་དང་འཁོར་ལྔ་སྡེའི་སྐུ་བརྙན་ཡོད་སར་བྱང་ཆུབ་ཤིང་ཞིག་ཡོད་པ་དེ་ནི། སློབ་དཔོན་རགྷུ་ནཱཐ་པྲ་སཱད་ལགས་ཀྱིས། སྔར་ཐུབ་པའི་དབང་པོ་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་སངས་རྒྱས་སའི་ཤིང་གི་ཡལ་ག་ཞིག་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་མོ་སཾགྷ་མིཏྲས་ཤྲིའ་ལང་ཀ་རུ་ཁྱེར་ཏེ་བཙུགས་པ་དེ་ཡི་ཡལ་ག་ཞིག་འདིར་ཁྱེར་ཏེ་བཙུགས་པ་ཡིན་ཞེས་གསུངས་ཀྱང༌། སྤྱིར་ཡིག་ཆ་གཞན་དུ་གཏམ་རྒྱུད་ལ་ཁྱད་པར་མ་མཐོང་ཡང་སྲས་མོའི་མཚན་མི་འདྲ་བ་འབྲི་སྲོལ་ཡོད་ཚོད་འདུག 
 དེ་ལྟར་རེ་ཞིག་འདིར་འདི་ཟླའི་ཕྱི་ཚེས་ ༡༨ ཉིན་བརྗོད་གཞི་འདི་གཏམ་བཤད་བྱེད་དགོས་པར་བཀའ་ཕེབས་དོན་བཞིན་འདིར་བྲེལ་འཚུབ་ཀྱིས་རགས་ཟིན་ཞིག་བཏབ་ཁུལ་ལགས་པས། བརྡ་དག་དང་སྡེབ་སྦྱོར་སོགས་གང་ཅིའི་ཐད་ཞན་ཆ་ཡོད་ངེས་པས། གཟུར་གནས་ཆོས་གྲོགས་རྣམས་ནས་གཟིགས་ཞིབ་བཀའ་སློབ་ཡོང་བ་ཞེས་ཤེས་བྱའི་མིག་ཟུང་རྨོངས་པས་ཐུམས་པའི་གྲལ་མཐར་འཛིན་པ་བདེ་ཆེན་རྡོ་རྗེ་མིང་ཅན་གྱིས་ཕྱི་ལོ་ ༢༠༠༨ ཟླ་བ་ ༠༨ ཕྱི་ཚེས་ ༢༠ མཇུག་བསྒྲིལ་བར་བགྱིས་ཏེ་སྤེལ་བའོ།།

ཟུར་བལྟའི་འབྲེལ་ཡོད་དཔེ་དེབ་དང་སྤྱིན་ཤོག་ཁག་གི་མཚན་གཞུང༌།


1.         Prem Lata: Sarnath. Varanasi. Tara Book Agency, 1991. 81-85403-75-9--     (V252135111N1P)
2.         Kamla Rohatgi & S P Rohatgi: Buddhism and Sarnath. Delhi. Bharatiya Kala Prakashan,       1991 -- (Q4.25213.S111N1R)
3.         Department of Landscape Architeture: Sarnath: a master plan for tourism development.        Urban. Univ. Of Illinois. 1988 --(U8.2513S111M8)
4.         Usha Rani Tiwari: Sculptures of Mathura and Sarnath : a competitive study : upto Gupta       period. New Delhi. Sundeep Prakashan, 1998. 81- 85067 - 95 - 3 -- (ND20v25218111N8T)
5.         Daya Ram Sahni : Guide to Buddhist ruins in Sarnath. Delhi. Antiquarian Book, 1983 --             (V25213.SNT:71111M1S)
6.         V S Agarwala : Sarnath. Delhi. Manager Of Publications, 1956 -- (V25213S111J6A(U))
7.         Daya Ram Sahni : Guide to the Buddhist ruins of Sarnath. (5th ed.) Delhi. Manager Of         Publications. 1933 -- (U8.25213S111F3S)
8.         Banaras : Sarnath. New Delhi. Rohi Books, 1998. 81- 7436-051-4--(V25213111fN8)
9.         B Majumdar : Guide to Sarnath. New Delhi. Pilgrims Book House. 1999. 81 - 7624 -061 -    3 --(V22213S111N9M)
10.       J R Singh: Sarnath : past and present. Varanasi. Atmatosh, 1980 -- (V25213,S111M0S)
11.       Suresh Bhatia : past and present. Varanasi and Kausambi. --(Suresh B)
12.       Niharika : Sarnath : the land of the enlightened one. New Delhi. Harman Pub. House, 2007.             81 - 86622 - 90 X --(Niharika)
13.       Suresh Bhatia : Sarnath, Varanasi and Kausambi. Varanasi. Indica Books, 2008. 81 - 86569             - 77 - 4 --(Suresh Bha.)
14.       དགེ་འདུན་ཆོས་འཕེལ་ལགས་ཀྱི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།
15.       g~osulax dh Hkkjr ;k=k] vuqoknd% Bkdqj izlkn 'kekZ] vkn'kZ fgUnh iqLrdky;] 1972
16.       Qkfg;ku dh Hkkjr ;k=k] vuqoknd% txeksgu oEekZ] 'kCnefgek izdk'ku] 1996
17.       j?kqukFk izlkn ^ckS) /keZ dh tUeLFkyh] xks;y izdk'ku] lu~ 2001A
           


In Archeological Survey of India - Annual Report - Calcutta


Acc. No.          Microfilm No.  Year     Page No.          ff. No.
1.         M08586 - M08617      1906 - 07                     193 p   ff. 78 - 90
2.         -do-      1907 - 08                     277 p   ff. 99 - 110
3.         -do-      1914 - 15                     151 p   ff. 204 - 210
4.         -do-      1922 - 23                     281 p   ff. 317 - 320
5.         -do-      1904 - 05                     146 p   ff. 56 - 63
6.         -do-      1930 - 34                     355 p   ff. 421 - 44


In Indian Society of Oriental Art, Calcutta


Acc. No.          Microfilm No.              Page No.          ff. No.
1.         M09116 - 9136                        45 - 51 p          ff. 19 - 20

2.         -do-                  40 - 41 p          ff. 26 - 30

No comments:

Post a Comment